མཚོ་སྔོན་དུ་སྣུམ་གཏེར་གསར་པ་ཞིག་རྙེད་འདུག

རྩོམ་པ་པོ།   དུས་ཚོད།   2019-09-09   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

             མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར། མཚོ་སྔོན་སྣུམ་ཞིང་སྤྱི་གཉེར་ཁང་གིས་ཚྭ་འདམ་གཞོང་གི་ཆེ་ཁེ་ལི་ཁེ་ས་ཆ་ལས་ཉིན་རེར་རྡོ་སྣུམ་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་54.88དང་། ཉིན་རེར་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་6899ཅན་གྱི་ཐོན་ཚད་མཐོ་བའི་བཟོ་ལས་སྣུམ་དང་རླངས་སྣུམ་གྱི་སྣུམ་གཏེར་གསར་རྙེད་བྱུང་ཡོད།    

               ཆེ་ཁེ་ལི་ཁེ་ནི་ཚྭ་འདམ་གཞོང་གི་ནུབ་ཁུལ་དུ་ཡོད་ཅིང་། དེའི་ཉེ་འཁོར་དུ་སྣུམ་ཞིང་གསུམ་གསར་རྙེད་བྱུང་ཡོད་པ་དང་།  རྡོ་སྣུམ་ཏུན་དུང་ཕྱུར་1.67ཙམ་ཡོད་པའི་རྡོ་སྣུམ་ས་གཤིས་རྩད་ཆོད་བྱུང་ཡོད།  ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་སྤྱི་གཉེར་ཁང་གིས་1984ལོར་གཏེར་ཁྲོན་དང་པོ་བཏོན་པ་ནས་བཟུང་། ལོ་35རིང་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་བརྒྱུད། ཆེ་ཁེ་ལི་ཁེ་ཞོམ་རྡིབ་ས་ཁུལ་གྱི་རྩད་ཞིབ་ནུས་པ་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད། 

             མཚོ་སྔོན་གྱི་སྣུམ་རླངས་རྩད་ཞིབ་གསར་སྤེལ་ལས་དོན་ལ་འགན་ལེན་བྱ་ཆེད། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ཆེན་ནུས་རྒྱུ་ཅུས་སོགས་སྡེ་ཁག་8ཚུད་པའི་སྣུམ་རླངས་རྩད་ཞིབ་གསར་སྤེལ་ལས་དོན་མཐུན་སྦྱོར་ཚོ་ཆུང་བཙུགས་ནས། ས་གནས་སྲིད་གཞུང་གི་སྣུམ་རླངས་རྩད་ཞིབ་གསར་སྤེལ་གྱི་འབྲེལ་ཡོད་ལས་དོན་ལ་མཐུན་སྦྱོར་བྱེད་བཞིན་ཡོད།

              ཞིང་ཆེན་ནུས་རྒྱུ་ཅུས་ཀྱིས་ཀྱང་མཚོ་སྔོན་སྣུམ་ཞིང་སྤྱི་གཉེར་ཁང་ལ་གཞོགས་འདེགས་དམ་ཟབ་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས། མཚོ་སྔོན་སྣུམ་ཞིང་ལ་ཞབས་འདེགས་ཞུས་ཏེ། སྣུམ་རླངས་རྩད་ཞིབ་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།