རྒྱུགས་འདི་དག་བརྐུ་འབྲི་བྱས་ན་ལོ7གྱི་ཁྲིམས་ཐག་གཅད་རྒྱུ་རེད།

རྩོམ་པ་པོ།   དུས་ཚོད།   2019-09-09   རྩོམ་ཁུངས།    ཉིན་རེའི་གངས་ལྗོངས།

               ཟླ9པའི་ཚེས3ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག《རྒྱུགས་ལེན་བརྐུ་འབྲི་ལ་རྩ་འཛུགས་བྱེད་པ་སོགས་ཉེས་དོན་གྱོད་གཞི་སྒྲུབ་པར་སྤྱོད་པའི་བཅའ་ཁྲིམས་གནད་དོན་འགའི་འགྲེལ་བཤད》ཕྱི་ཕྱོགས་སུ་སྤེལ་ཏེ། མཐོ་རྒྱུགས་དང་ཞིབ་འཇུག་སློབ་མ། གཞུང་ཞབས་པའི་རྒྱུགས་གཞི་བཅས་ལ་བརྐུ་འབྲི་རྩ་འཛུགས་བྱ་མཁན་རིགས། དུས་བཀག་བཙོན་འཇུག་ལོ་གསུམ་ཡན་ནས་ལོ་བདུན་མན་གྱི་ཉེས་ཆད་དང་དངུལ་ཆད་གཅད་རྒྱུ།

              ཉེས་ཁྲིམས་གཏན་འབེབས་ལྟར། ཁྲིམས་ལུགས་ཀྱིས་གཏན་འབེབས་བྱས་པའི་རྒྱལ་ཁབ་རྒྱུགས་གཞིའི་ཁྲོད། བརྐུ་འབྲི་རྩ་འཛུགས་བྱེད་པའམ་མི་གཞན་ལ་བརྐུ་འབྲི་ལག་ཆ་འདོན་སྤྲོད་དང་རོགས་སྐྱོར་བྱ་མཁན་ལ། རྒྱུགས་གཞིར་བརྐུ་འབྲི་རྩ་འཛུགས་བྱེད་པའི་ཉེས་མིང་བཏགས་ནས། དུས་བཀག་བཙོན་འཇུག་ལོ་གསུམ་མན་གྱི་ཉེས་ཆད་དང་དངུལ་ཆད་གཅད་རྒྱུ། ཐེངས་འདིའི་ཁྲིམས་འཛིན་འགྲེལ་བཤད2019ལོའི་ཟླ9པའི་ཚེས4ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།

              《འགྲེལ་བཤད》ལས་གཤམ་གྱི་རྒྱུགས་གཞི་འདི་དག“ཁྲིམས་ལུགས་ཀྱིས་གཏན་འབེབས་བྱས་པའི་རྒྱལ་ཁབ་རྒྱུགས་གཞིའི”ཁྲོད་འདུ་བ་གསལ་པོར་བསྟན་དོན།

                (1)མཐོ་རིམ་སློབ་གྲྭ་ཕལ་བའི་སློབ་བསྡུའི་རྒྱུགས་གཞི་དང་ཞིབ་འཇུག་སློབ་མའི་རྒྱུགས་གཞི། མཐོ་རིམ་སློབ་གསོའི་ཆེད་སྦྱོང་རྒྱུགས་གཞི། དར་མའི་མཐོ་རྒྱུགས་སོགས་རྒྱལ་ཁབ་ཀྱི་སློབ་གསོའི་རྒྱུགས་གཞི།

                (2)ཀྲུང་དབྱང་དང་ས་གནས་ཀྱི་གཞུང་ཞབས་པའི་རྒྱུགས་གཞི།

                (3)རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལས་རིགས་ཀྱི་ཐོབ་ཐང་རྒྱུགས་གཞི། དགེ་རྒན་གྱི་ཐོབ་ཐང་རྒྱུགས་གཞི། རྩིས་གཉེར་པ་ཐོ་འགོད་བྱེད་པའི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་གཞི། རྩིས་གཉེར་ཆེད་ལས་ལག་རྩལ་གྱི་ཐོབ་ཐང་རྒྱུགས་གཞི། རྒྱུ་ནོར་དཔྱད་ཞིབ་པའི་ཐོབ་ཐང་རྒྱུགས་གཞི། སྨན་པའི་ཐོབ་ཐང་རྒྱུགས་གཞི་སོགས་ཆེད་ལས་ལག་རྩལ་གྱི་ཐོབ་ཐང་རྒྱུགས་གཞི་སོགས།

                (4)ཀྲུང་དབྱང་དང་ས་གནས་ཀྱི་སྡེ་ཁག་གཙོ་བོ་དང་ལས་རིགས་ཀྱིས་རྩ་འཛུགས་བྱས་པའི་རྒྱལ་ཁབ་ཀྱི་རྒྱུགས་གཞི་བཅས་འདུ་བ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།