གྲོགས་ཀྱི་བརྩེ་བ།

རྩོམ་པ་པོ།   གངས་མེ་འབར།དུས་ཚོད།   2019-09-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

གྲོགས་དང་གྲོགས་ཀྱི་བར་ལ།།

མཐུན་པའི་རྩ་བ་བརྟན་དགོས།།

མཛའ་བརྩེའི་པད་མ་དཀར་བོ།།

བཞད་པའི་དུས་ཡུན་རིང་དགོས།།


སྐྱིད་པའི་དཔལ་ལ་རོལ་དུས།།

གྲོགས་པོ་བརྒྱ་འདུ་སྟོང་འདུ།།

སྐྱོ་བའི་ཡུལ་ལུང་བརྒལ་དུས།།

གྲོགས་པོ་གར་སོང་ཆ་མེད།།


གྲོགས་ལ་གྲོགས་ཀྱི་བརྩེ་བ།།

བསམ་པའི་གཏིང་ནས་ཟབ་ན།།

དཀའ་སྡུག་འཕྲད་པའི་ཉིན་མོར།།

རྒྱབ་སྐྱོར་བྱེད་པར་ཡོད་དགོས།།


གྲོགས་པོའི་བར་གྱི་བརྩེ་བ།།

ཁ་ཡག་ངོ་བསྟོད་མ་ཡིན།།

བརྩེ་བ་དྭངས་མ་ཡིན་ན།།

ཁ་ཚིག་རྩུབ་རུང་སྐྱོན་མེད།།


གྲོགས་ཀྱི་དུང་བ་ཟབ་མོ།།

ལོ་ཟླའི་ཁྲོད་ན་མ་བརྗེད།།

མི་ཚེ་རྫོགས་རག་བར་དུ།།

བསམ་པར་འགྱུར་བ་མ་གཏོང་།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།