བྱིས་པའི་སྙན་ངག་རོབ་ཙམ་གླེང་བ།

རྩོམ་པ་པོ།   དུས་ཚོད།   2019-09-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                 བྱིས་པའི་སྙན་ངག་ནི་དར་མའི་སྙན་ངག་དང་གཏན་ནས་མི་འདྲ་བར་ཐ་སྙད་ཀྱི་འདེམ་སྒྲུག་དང་ཚིག་གི་གྲིམ་ལྷོད།བརྗོད་བྱ་བཀོད་སྒྲིག་སོགས་ཀྱི་ཐད་ནས་ཁྱད་ཆོས་དམིགས་བསལ་དོད་པོ་ཡོད།བརྗོད་སྟངས་གཞན་ཞིག་གིས་བརྗོད་པ་ཡིན་ན་བྲི་བར་བྱ་བའི་སྙན་ངག་གང་དེའི་བརྗོད་བྱ་དང་རྗོད་བྱེད། དབྱངས་འགྲོས་བཅས་ལ་དར་མའི་སྙན་ངག་ལས་དོ་སྣང་ཤུགས་ཆེན་པོ་རྒྱག་དགོས། བྱིས་པའི་སྙན་ངག་ནི་བྱིས་པ་དང་སྙན་ངག་གཉིས་ཀྱིས་གྲུབ་ཡོད་པས་ན་བརྩམས་ཆོས་དག་གི་ཁྲོད་དུའང་བྱིས་པ་དང་སྙན་ངག་གཉིས་ཀ་ངེས་པར་དུ་འཛོམས་དགོས། གལ་སྲིད་བརྩམས་ཆོས་ཀྱི་ཁྲོད་དུ་བྱིས་པ་ཡོད་ཀྱང་སྙན་ངག་མེད་ན་ཀློག་པ་པོ་བྱིས་པ་རྣམས་ཀྱི་ཡིད་ཀྱི་སྤྲོ་བ་འདྲེན་ཐབས་མེད་ལ། སྙན་ངག་ཡོད་ཀྱང་བྱིས་པ་མེད་ན་ཀློག་པ་པོ་ལྷད་མེད་དྭངས་གཙང་གི་བྱིས་པ་རྣམས་ལམ་ཕྱིན་ཅི་ལོག་པ་ཞིག་ལ་འཁྲིད་བའི་ཉེན་ཁ་ཡོད། དབྱངས་འགྲོས་ལའང་རྩོམ་པ་པོ་རང་ཉིད་ཀྱིས་གསར་རྩོམ་གནང་བ་དང་མི་རིགས་རང་གི་དམངས་གཞས་ཀྱི་གདངས་འཛིན་པ་དང་བཅས་གཉིས་ཡོད་ལ། མི་རིགས་རང་གི་དམངས་གཞས་ཀྱི་གདངས་ལྟར་བྲིས་ན་བྱིས་པ་རྣམས་ལ་སྤྲོ་བ་བླ་ལྷག་ཅིག་སྟེར་ཐུབ་པས། འཛམ་གླིང་གི་སྙན་ངག་པ་གྲགས་ཅན་མང་པོ་ཞིག་གིས་ཀྱང་བརྩམས་ཆོས་དག་དེ་དང་དེ་ལྟར་མཛད་འདུག་སྟེ་དཔེར་ན། དུས་རབས་བཅུ་དགུའི་དུས་དཀྱིལ་གྱི་དབྱིན་ཇིའི་སྙན་ངག་པ་དང་རི་མོ་བ་གྲགས་ཅན་ཨེ་དྷི་ཧ·ལྀ་ཨར་ལགས་ཀྱི་བྱིས་པའི་སྙན་ངག་དག་ཀྱང་ཕལ་ཆེ་བ་ཨེ་ཨཱར་ལན་གྱི་དམངས་གཞས་ཀྱི་དབྱངས་འགྲོས་བཀོལ་འདུག་པས་སྐབས་དེའི་མི་དམངས་དང་ཀློག་པ་པོ་བྱིས་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པར་གྲགས།ད་དུང་དུས་རབས་བཅུ་དགུ་བའི་དུས་མཇུག་གི་དབྱིན་ཇིའི་བརྩམས་སྒྲུང་བ་དང་སྙན་ངག་པ་གྲགས་ཅན་རོ་བྷོར་ཊི·ཟི་ཐྲིར་ཝིན་ཟིན་དང་ཨ་རིའི་སྐད་གྲགས་ཆོད་པའི་སྙན་ངག་པ་ཞི་ཝར·ཤེ་ཝིར་ཧོ་ཟི་ཏན་སོགས་ཀྱིས་ཀྱང་མི་རིགས་རང་གི་དམངས་ཁྲོད་ཀྱི་གཞས་གདངས་སོགས་སྤྱད་དེ་བྱིས་པའི་སྙན་ངག་མང་པོ་མཛད་འདུག

             རང་མི་རིགས་ཀྱི་ཁྲོད་དུ《ཨ་བཅུ་ཆ་བཅུ》གཙོས་པའི《ཨ་མེད་ལ་མེད་དགུ》《ཨ་འཁུར་ར་འཁུར་དགུ》《ཨ་མཚར་ར་མཚར་དགུ》སོགས་ནམ་རྒྱུན་ང་ཚོའི་འཚོ་བའི་ཁྲོད་དུ་མཐོང་རྒྱུ་ཡོད་པའི་དམངས་ཁྲོད་ཀྱི་བྱིས་པའི་རྩེད་རིགས་འདི་དག་རྩེད་རིགས་ཁོ་ན་ཞིག་ཏུ་རློམ་པ་ལས་སྙན་ངག་ཅིག་ཏུ་མཐོང་མཁན་གཅིག་ཀྱང་མེད་ཚོད་འདུག་པའི་སྣང་བརྙན་ཞིག་རྟག་པར་མཐོང་ཡོང་།འོན་ཀྱང་ངས་འདི་དག་བོད་རང་གི་དམངས་ཁྲོད་ཀྱི་བྱིས་པའི་སྙན་ངག་གི་ནང་ཚན་ཨང་ཀིའི་སྙན་ངག་ཅིག་ཏུ་ངོས་འཛིན་གྱིན་ཡོད་ལ།རྒྱུ་མཚན་ཨང་ཀིའི་སྙན་ངག་ནི་སྙན་ངག་གཞན་དང་འདྲ་བར་བརྗོད་བྱའི་ཐད་དུ་མིའི་རྣམ་རྟོག་ལ་མཐའ་མེད་པ་ཅི་བཞིན་མཐའ་མེད་མོད།རྗོད་བྱེད་ཀྱི་སྟེང་ནས་ཨང་ཀི་གཙོ་བོ་ཡིན།ཨང་ཀི་འཇོག་སྟངས་ཀྱི་ཐད་ནས་ཀྱང་བར་དུ་ཡོད་པའམ་མཇུག་ཏུ་ཡོད་པ།ཡང་ན་མགོ་མཇུག་གཉིས་སུ་ཡོད་པ། ཡང་ན་མགོ་མཇུག་བར་གསུམ་དུ་ཡོད་པ་སོགས་ཅི་རིགས་ཤིག་མཆིས་མོད་བྱིངས་ཆེ་བ་སྙན་ངག་གི་ཚིག་རྐང་རེ་རེའི་མགོ་དང་མཇུག་ཏུ་འདུག སྙན་ངག་འདི་དག་ཀྱང་ཕལ་ཆེ་བ་དེའི་གྲས་སུ་གཏོགས་ཏེ་ཨ་དང་ཆ་གཉིས་ནི་སྙན་ངག་གང་དེའི་དབྱངས་ཀྱི་འགྲོས་དོ་མཉམ་པའི་ཆེད་དུ་བཞག་པར་སེམས་པས་འདི་དག་ཚང་མ་ནི་བོད་རང་གི་དམངས་ཁྲོད་ཀྱི་ཨང་ཀིའི་སྙན་ངག་འཁྲུལ་མེད་ཅིག་ཏུ་འདོད།དེ་བས་ང་ཚོ་ལ་བྱིས་པའི་སྙན་ངག་མེད་སོང་བ་མ་ཡིན་པར་བྱིས་པའི་སྙན་ངག་ཅེས་པའི་ཐ་སྙད་དང་ངོས་འཛིན་མེད་སོང་བ་རེད།

             ངས་གློ་རྡེག་ཏུ་བྱིས་པའི་སྙན་ངག་ཟེར་ཡོང་དུས་ལ་ལ་ཞིག་མཚར་གྱིན་འདུག ལ་ལ་ཞིག་གིས་དང་བ་མི་སྟོན་པར་མགུལ་བ་འཁྱོག་འཕྱང་སྟེ་དགའ་བཞིན་མགུ་བཞིན་མེད་པའི་བཟོ་འདྲ་བསྟན་ཡོང་། ཡང་ལ་ལ་ཞིག་གིས་བྱིས་པའི་སྙན་ངག་ཟེར་བ་ཞིག་ཀྱང་ཡོད་དམ་ཟེར་བ་ལྟ་བུ།བྱིས་པའི་སྙན་ངག་སྙན་ངག་མ་རེད་ཟེར་བ་ལྟ་བུ།ང་ཚོ་ལ་བྱིས་པའི་སྙན་ངག་ཟེར་བ་ཞིག་དགོས་དོན་མི་འདུག་ཟེར་བ་ལྟ་བུ།ཁྱོད་ཀྱིས་ང་ཚོའི་སྙན་ངག་ལམ་ཕྱིན་ཅི་ལོག་པ་ཞིག་ལ་འཁྲིད་ཀྱིན་འདུག་ཟེར་བ་ལྟ་བུའི་བསམ་ཚུལ་བརྗོད་མཁན་ཉེ་རིང་གཉིས་ཀྱི་གྲོགས་པོ་དང་རྩོམ་པ་པོ་དག་གི་ཁྲོད་དུ་མང་པོ་གདའ།དོན་གྱིས་དེ་འདྲ་ཞིག་རྩ་བ་ནས་མ་རེད།ཁོ་ཚོས་མ་མཁྱེན་པས་རེད་ཟེར་ན་ཁོ་ཚོ་འཐད་གི་མ་རེད་མོད་དོན་གྱིས་དེ་རང་ལས་མ་འདས།འཛམ་གླིང་གི་རྩོམ་པ་པོ་གྲགས་ཅན་དང་སྙན་ངག་སྨྲ་བ་གྲགས་ཅན་མང་པོ་ཞིག་གིས་བྱིས་པའི་ཆེད་དུ་སྙན་ངག་མང་པོ་བརྩམས་འདུག་ལ་གཞུང་ལུགས་ཀྱང་གྲུབ་འདུག ཐ་ན་འུ་ཅག་ལ་རྒྱུས་ཆེན་པོ་ཡོད་པའི་འཛམ་གླིང་གི་སྙན་ངག་པ་གྲགས་ཅན་བྷོ་ཞི་གྷིན་དང་ཊེ་ཀོར་སོགས་ཀྱིས་ཀྱང་བྱིས་པ་རྣམས་ཀྱི་ཆེད་དུ་བུས་སྒྲུང་སྙན་ངག་གཙོས་པའི་སྙན་ངག་འབོར་ཆེན་ཞིག་བརྩམས་འདུག་པ་དེ་རེད།

              ང་ཚོ་བོད་ལ་བྱིས་པའི་རྩོམ་རིག་གླེང་མཁན་ཧ་ཅང་ཉུང་ཉུང་རེད། བྱིས་པའི་སྙན་ངག་གླེང་མཁན་བཤད་མ་དགོས་པ། འབྲི་མཁན་ཡང་དེ་བཞིན་རེད།དེ་འབྲེལ་གྱི་གོ་རྟོགས་ཀྱང་དེ་བཞིན་རེད། འདི་བྱིས་པ་དག་གི་མ་འོངས་པའི་མདུན་ལམ་ལ་དོ་སྣང་དེ་ཙམ་གནང་གིན་མེད་པའི་རྟགས་ཤིག་མིན་ནམ་སྙམ།གང་ལྟར་ཧ་ཅང་ཡིད་སྐྱོ་བོ་རེད། འབྲི་མཁན་ཉུང་བའི་ཁར་དགོད་བྱའི་བརྩམས་ཆོས་རེ་འགའ་ཡོད་པ་དེ་དག་ཀྱང་སྤེལ་སའི་དུས་དེབ་དང་ཚགས་ཤོག་དཀོན། དེ་བས་བྱིས་པའི་རྩོམ་རིག་སྐོར་ནས་ང་ཚོ་ད་དུང་མི་རིགས་གཞན་དང་ས་ཁོངས་གཞན་དག་གི་རྗེས་སུ་ལུས་འདུག  

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།