སློབ་རའི་འགྱུར་ཁུགས།

རྩོམ་པ་པོ།   ཆོས་རྒྱས།དུས་ཚོད།   2019-09-05   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                 སྟོན་ཟླ་དགུ་བའི་ཚེས་མགོར་རྔ་བ་རྫོང་ཐོག་ཏུ་རླངས་འཁོར་དང་འཕྲུལ་རྟའི་འཚང་ཁ་ཤིན་ཏུ་ཆེ། དེ་ནི་ས་གནས་དེ་གའི་སློབ་གྲྭ་སོ་སོའི་དབྱར་གནང་མཇུག་རྫོགས་ཏེ་སྟོན་ཁའི་སློབ་སྐབས་གསར་བ་མགོ་འཛིན་ལ་ཉེ་བས་རེད། 

                དགུ་བའི་ཚེས་གཅིག་ཉིན། རྔ་བ་རྫོང་ཐོག་ཏུ་སློབ་རའི་འགྱུར་ཁུགས་ཅེས་པའི་དཔེ་ཚོང་ཁང་གསར་བ་ཞིག་གི་སྒོ་ཕྱེས་འདུག་ལ། དཔེ་ཚོང་ཁང་དེེ་རུ་རྒྱ་བོད་དབྱིན་གསུམ་དང་། གྲུབ་མཐའ་རིས་མེད། བཀའ་བསྟན་གསེར་རིའི་ཕྲེང་བ། ལྷག་པར་དུ་སློབ་གྲྭ་ཆུང་འབྲིང་ཀུན་ལ་ཉེ་བར་མཁོ་བའི་སློབ་སྦྱོང་ཡོ་ཆས་དང་གཞུང་སྒྲུབ་ཡོ་ཆས། བསླབ་དེབ་དང་སྦྱང་གཞིའི་ལྷན་ཐབས་སྣ་ཚོགས། བསླབ་ཕྱིའི་དཔེ་དེབ་སོགས་མ་ཚང་བ་མེད་ལ། དཔེ་ཆ་དང་ལྷན་ཐབས་སོགས་གང་ལ་གང་འཚམས་ཀྱིས་སྡེབ་འཚོང་དང་སིལ་འཚོང་བྱེད་ཀྱི་ཡོད་དོ། 

                དཔེ་ཚོང་ཁང་གི་འགན་འཛིན་པ་འཕྲིན་ལས་རབ་འབར་ན་རེ། འདི་ནི་དཔེ་ཚོང་ཁང་ཙམ་མ་ཡིན་པར། འདི་ནས་སོས་དལ་བག་ཕེབས་པའི་ངང་ནས་གླེང་མོལ་བྱས་ཆོག་པ་མ་ཟད། རོ་བརྒྱ་འཛོམས་པའི་བཏུང་བ་སྣ་ཚོགས་དལ་གྱིས་བཞེས་ཀྱིན་དཔེ་ཆ་ཀློག་ཆོག་ལ། སློབ་རའི་འགྱུར་ཁུགས་ནི་དཔེ་མང་སྤུངས་པའི་རིག་པའི་ལྡིང་ཁང་ཞིག་ཡིན་པས་འདི་ནས་མཁས་བརྒྱ་འཛོམས་པའི་སྐལ་བ་ཤིན་ཏུ་ཡག ངེད་སློབ་རའི་འགྱུར་ཁུགས་ཀྱིས་རྣམ་ཀུན་སློབ་ཕྲུག་ཚོ་གཙོར་བྱས་པའི་སྐུ་མགྲོན་རྣམ་པའི་འདོད་བློ་ནང་བཞིན་ཡོང་བར་འབད་ངེས་ཟེར། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།