ལིས་རྫོང་གིས་མ་དངུལ་སྒོར་ཁྲི་ 317བཏང་སྟེ་ཞིང་ཕན་རྣམ་གྲངས་ལག་བསྟར་བྱས།

རྩོམ་པ་པོ།   དུས་ཚོད།   2019-09-04   རྩོམ་ཁུངས།   

                  རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར། ལིས་རྫོང་གིས་མ་དངུལ་སྒོར་ཁྲི་317བཏང་སྟེ་ཞིང་ཕན་རྣམ་གྲངས་ལག་བསྟར་བྱས་ཤིང་། ཡུལ་ཚོ་དང་གྲོང་རྡལ་སོ་སོར་སྐྱེ་ལྡན་ལུད་རྫས་དང་སྐྱེ་ལྡན་ཞིང་སྨན། ཉི་ནུས་འབུ་གསོད་གློག་སྒྲོན། སྲེའུ་མངར་དང་ཀུ་ཤུའི་ཁུག་མ་བཅས་སྤྲད་དེ་གནས་དེའི་ཞིང་ཁྱིམ་ཚོར་ཕན་ཐོགས།

                  རྣམ་གྲངས་དེས་གཙོ་བོ་སྐྱེ་ལྡན་ལུད་རྫས་ཏུན་800སྤྲད་པ་དང་ཞིང་ས་མུའུ་10000ལེགས་བཅོས་བྱས་ལ། ཞུའེ་ཁྲེང་ཡུལ་ཚོའི་ཅན་ཧྲན་གྲོང་ཚོ་དང་ཧྲུའེ་ཐང་གྲོང་ཚོ་རུ་ཉི་ནུས་འབུ་གསོད་གློག་སྒྲོན་100ཁྱབ་གདལ་བཏང་སྟེ་ཞིང་ས་མུའུ་5000ལྗང་མདོག་ཚོད་འཛིན་བྱས། སྐྱེ་ལྡན་ཞིང་སྨན་199400སྤྲད་དེ་རྫོང་ཡོངས་སུ་ཞིང་ས་མུའུ་30000ཁྱབ་གདལ་བེད་སྤྱོད་བྱས་ལ། ཀུ་ཤུའི་ཁུག་མ་ཁྲི་330དང་སྲེའུ་མངར་གྱི་ཁུག་མ་ཁྲི་100སྤྲད་དེ་ཀུ་ཤུ་དང་སྲེའུ་མངར་ཐུམ་སྒྲིལ་གྱི་ལག་རྩལ་ཁྱབ་གདལ་བྱས།

                ངོ་སྤྲོད་བྱས་པ་ལྟར་ན། རྣམ་གྲངས་ཏེ་ལག་བསྟར་བྱས་རྗེས་རྫོང་ཡོངས་སུ་གནོད་མེད་སྔོ་ཚལ་དཔེ་སྟོན་རྟེན་གཞི་མུའུ་30000བསྐྲུན་ཅིང་། མུའུ་རེར་ཐོན་ཚད་སྤྱི་རྒྱ་5000ཡོད། ཁྲོམ་རའི་ཆ་སྙོམས་ཀྱི་རིན་གོང་སྤྱི་རྒྱ་རེར་སྒོར་0.5ལྟར་རྩིས་ན་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་7500མངོན་འགྱུར་བྱུང་ཐུབ་ལ། རི་སྐེད་དུ་ལི་སོབ་ཀྱི་རྟེན་གཞི་མུའུ་15000བསྐྲུན་ཅིང་། མུའུ་རེར་ཐོན་ཚད་སྤྱི་རྒྱ་2000ཡོད། ཁྲོམ་རའི་ཆ་སྙོམས་ཀྱི་རིན་གོང་སྤྱི་རྒྱ་རེར་སྒོར་3ལྟར་རྩིས་ན་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་9000མངོན་འགྱུར་བྱུང་ཐུབ་བོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།