ངས་ཁྱོད་ལ་མེ་ཏོག་གི་མགུལ་རྒྱན་ཞིག་བསླས་ན།

རྩོམ་པ་པོ།   གངས་ཐིགས།དུས་ཚོད།   2019-09-03   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               མེ་ཏོག་གི་འདབ་མ་རྒྱས་པའི་དབྱར་གཞུང་ཞིག་ལ་ངའི་ཐོག་མར་ཁྱོད་རང་ངོ་ཤེས་ཤིང་། བདག་གི་ཁོར་ཡུག་གི་མངའ་ཐང་ཁྲོད་དུ་ཁྱོད་རང་ཁ་བ་བཞིན་ཡུན་གྱིས་བབས་ཤིང་། མཛེས་སྡུག་གི་ལང་ཚོ་དེ་ལ་ལྷད་མེད་ཀྱི་ཉམས་ཀྱིས་བྱུགས་པས། མེ་ཏོག་གི་སྒྲོལ་མ་ལགས།

              དུས་དེ་ནས་བཟུང་། འུ་གཉིས་ཀྱིས་ཉི་ཤུའི་ན་ཚོད་ཀྱི་སྣང་བ་ཞིག་ལ་དབུ་འཁྱུད་བྲིས་ཤིང་། བརྩེ་བའི་ཨ་ཡིག་གི་དམ་བཅའི་བར་ལ་རི་མོ་བརྐོས། མི་འགྱུར་ཁ་དན་གྱི་དམ་ཚིག་ཅིག་ལ་མདུད་པ་བརྒྱབ། ལོ་ཟླ་དེ་དག་གཏམ་རྒྱུད་ཅིག་གི་ཡང་སྙིང་ལ་བཀོད་ཅིང་། ལོ་ཟླ་དེ་དག་བརྩེ་བ་ཞིག་གི་མཚོན་རྟགས་སུ་ཕབ།

             ལོ་དེ་ནས་བཟུང་། ངའི་ཁྱོད་རང་ཞེས་པའི་ཐ་སྙད་ཅིག་སེམས་སུ་བྲིས་ཤིང་། ཡིད་དུ་བསྐུངས། ཁྱོད་ནི་ངའི་སེམས་ངོགས་ན་འཛུམ་པའི་དམར་ཆུང་དེ་ཡིན་ལ། ཁྱོད་ནི་ངའི་མིག་ལམ་ན་བཞད་པའི་མེ་ཏོག་དེ་ཡིན། ལན་རེར་འཛུམ་མདངས་ཀྱིས་ལྷུག་ལྷུག་བཞད་ཀྱང་། ལན་རེར་སྐྱོ་སྣང་གིས་མིག་ཆུ་ཉིལ་ཉིལ། ཁྱོད་ཀྱི་གཤིས་ཀ་དེ་ང་ཡི་སེམས་སུ་འཁྲུངས་ཤིང་། ང་ཡི་གཏམ་རྒྱུད་དེ་ཁྱོད་ཀྱིས་སེམས་སུ་བརྐོས།

             མཚམས་རེར་ཁྱོད་ཀྱིས་ངུ་ངག་གི་དངན་པ་འཐེན་ཞོར་མགོ་བོ་བདག་གི་བྲང་ཁར་གླན་ནས་སེམས་ངལ་གསོས།

             ལན་རེར་ཁྱོད་ཀྱིས་ཚེམས་དཀར་སོ་ཕྲེང་གྱི་བར་ནས་འཛུམ་ཆུང་གི་མེ་ཏོག་བསྟན་ནས་ང་རང་དགོད་དུ་བཅུག ཁྱེད་ཀྱི་ལྷད་མེད་དྭངས་གཙང་གི་རང་གཤིས་འཇམ་པོའི་ངའི་བརྩེ་སེམས་ཀྱི་སྣང་བ་བསྒུལ་ཅིང་། ཁྱེད་ཀྱི་ཐོག་མའི་བརྩེ་དུང་གི་རི་མོའི་རྣམ་གཞག་ངའི་སེམས་པའི་གཏིང་ངོགས་སུ་དཔར། ངས་སེམས་པའི་ཟབ་ས་ན་འབུས་པའི་དུང་སེམས་ཀྱི་བརྩེ་འདང་ཟབ་མོ་རང་དབང་མེད་པར་ཁྱོད་ཀྱི་ལང་ཚོར་འཁྱུད།

            ཁྱོད་རང་འཛུམ་དམུལ་ལེར་དབྱར་ཟླ་དྲུག་པའི་མེ་ཏོག་བཞིན་ངའི་བྲང་གཞུང་ནས་ལྷོད་ཀྱིས་བཞད་ཀྱང་། ཁྱོད་རང་སྐར་ཆེན་བཞིན་ངའི་སྣང་བའི་ཕོ་བྲང་དུ་འོད་ཀྱིས་འཚེར། ཁྱེད་ཀྱིས་ནམ་ཡང་ཡལ་མི་སྲིད་པའི་བརྩེ་འདང་གི་བགས་ཆགས་ཤིག་ང་ལ་ཐོལ་གྱིས་བསྐྲུན། སྙིང་ཉེ་བའི་མི། ངས་དབྱར་གཞུང་གི་དུས་ཚིགས་འདིར་མེ་ཏོག་གི་མགུལ་རྒྱན་ཞིག་བསླས་ནས་ཁྱོད་ཀྱིས་མགུལ་ཏུ་བསྒྲོན་ན་བསམས་སོང་།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།