རྟ་ཕོ།

རྩོམ་པ་པོ།   འོད་འབར། དུས་ཚོད།   2019-09-03   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                 ཉི་འོད་སེར་ལྷམ་མེ་ལམ་མཐར་གྲམ་པའི་བཞོན་རྟ་བདུན་པོའི་སྒལ་བ་རུ་དྲང་འཕྲོ་བྱས་ཤིང་། བཞོན་རྟ་བདུན་པོས་མུ་མཐུད་དུ་བཟན་རྩྭ་ཁོ་ན་བཟའ་བར་བྱེད། སེམས་ཅན་ཁ་གྲག་མི་ཤེས་པ་ཙམ་ལས་བདེ་སྡུག་གི་ཚོར་བ་ནི་མི་དང་གཅིག་མཚུངས་ལོས་ཡིན། ངས་དེ་དག་གཞུང་ལམ་ཕ་རོལ་གྱི་རྨེ་ཆུའི་ཁར་དེད་ནས་ཆུ་ཞིག་ལྡུད་རན་པ་སེམས་སུ་ནན་པོར་བཟུང་ཡོད། དེ་ཤེད་གང་ཞིག་ནས་རླངས་འཁོར་ཞིག་བསླེབས་ནས་ངེད་ཅག་གི་ཐད་ནས་ག་ལེར་ག་ལེར་བགྲོད་ཅིང་། མཐར་དེ་གར་བསྡད་བྱུང་། ཁེ་ཉིན་གཟི་རྩ་སྡེ་དགུར་ས་ཡོམ་བྱུང་ནས་ད་རག་བར་གོར་མོ་རྨེ་ཁོག་མའི་གཞུང་ལམ་སྟེང་རླངས་འཁོར་གཅིག་སོང་བ་མེད་པས། ངས་ནི་ལྗོངས་སྐོར་བ་ཞིག་ཨེ་ཡིན་སྙམ་བཞིན་ཕར་ཕྱིན་པ་ན། རླངས་འཁོར་ནང་དུ་འབྲོག་པ་མི་གཅིག་ལས་མི་འདུག འབྲོག་པ་དེ་བབས་པ་ན་ཕྱུ་པ་མཐུག་པོ་ཞིག་གྱོན་ཞིང་། ཁོའི་གཡོན་ལག་རུམ་ལག་བྱས་ནས་རུམ་ཆེན་པོ་དེ་ལས་འཕུད་པར་མི་བྱེད། བཞོན་རྟ་བདུན་པོར་ཞིབ་ལྟ་ཞིག་བྱས་ཐོག་ང་ཡོང་བ་མཐོང་ནས“ཁྱོད་ཀྱི་རྟ་རེད་དམ”ཟེར།

             “མ་རེད། དོན་དག་ག་རེ་འདུག”

             “ང་རྟ་ཉོ་ཞིག་ཡིན། རྟ་འདི་རྣམས་སུའི་རེད།”

             “... ...”

               དང་ཐོག་གནས་ཚུལ་དེ་བདག་པོར་བཤད་དགོས་སྙམ་ནས་སེམས་ལ་ནན་ཏན་བྱས་མོད། རྗེས་སུ་ཉི་མ་མང་པོ་ཕྱིན་པས་དོན་དེ་གཏིང་བརྗེད་དུ་གྱུར་སོང་། ང་ཡི་རྟ་བདག་ནི་གོར་མོ་རྨེ་ཁོག་མར་ལྗོངས་སྐོར་སྐྱིད་སྒར་ཕྱེས་པའི་རྒྱ་ཧེའུ་ཞིག་རེད།

               ཁྱིམ་མཚེས་ངན་རུང་འདུག་དགོས། མགྲོན་པོ་བཟང་རུང་འགྲོ་དགོས། རྒྱལ་བའི་གསུང་དང་འདྲ་བའི་མགོ་ནག་བོད་ལ་འདི་འདྲའི་གཏམ་དཔེ་ཞིག་ཡོད་ཀྱང་། མགོན་པོས་རས་ལྭ་ཐལ་རྐྱང་ཞིག་ལ་སྐེ་རགས་བུབས་བཅིངས་བྱས། མིག་ཤེལ་ནག་པོ་བརྒྱབ། ཐ་མག་འཐེན་བཞིན་ཕྱི་དྲོ་རེ་རེར་ཚང་ནས་ཐོན་དེ་ལམ་བརྒྱུད་ནས་ཡར་འགྲོ་མར་འགྲོ་གཏོང་བའི་ཚུལ་མཐོང་ཚེ། ངེད་ཚང་གི་ཉམས་རྒྱུས་ལེན་པ་ཨེ་ཡིན་བསམ་ན་ང་རང་རླུང་ཅུང་ཟད་ལང་གིན་འདུག

              ཉིན་མོ་ཞིག་ལ་ང་རང་ལམ་ཁ་རུ་རྒྱང་སོ་བྱེད་པའི་སྐབས་སུ། མགོན་པོ་ཡང་དེ་གར་ལོག་ཡོང་། མགོན་པོའི་མིག་ཤེལ་ནང་ནས་གཞན་གྱི་གཟུགས་བྱད་ལས་མིག་འབྲས་གཉིས་ཀྱིས་གང་ལ་བལྟས་ཡོད་མེད་རྩ་བ་ནས་མི་མཐོང་། གཅིག་བྱས་ན་ད་ཚོད་ང་ཡི་རྟ་ཕོ་རྣམས་ལ་མིག་གི་རྒྱ་རུ་བཙུད་མེད་པའི་ངེས་པ་ཁྱོན་ནས་མ་མཆིས། མགོན་པོ་ན་རེ“ལམ་བཟོ་བའི་ཚང་ལ་ཨེ་འགྲོ། ཁོ་ཅག་གི་སྤགས་ནང་དུ་ཕག་ཤ་ཟ་རྒྱུ་འདུག”ཟེར་ནས་མར་ཕྱོགས་སུ་བུད་སོང་། ངས་ཁོའི་རྗེས་སུ་ཡུན་རིང་བལྟས་པ་དང་ཁོའི་གོམ་པར་ཐང་ལྷོད་མེད་པར་ཤ་རེར་འགྲོ་ཞིང་། ཁོག་སྟོད་ཅུང་ཟད་ནང་དུ་སྒུར་ནས་ཐ་མག་ཡང་ཡང་འཐེན་ནས་དུ་བ་རྣམས་རྒྱབ་ཕྱོགས་སུ་གཡེང་ཡོང་།

             མགོན་པོར་འཕྲུལ་རྟ་ཞིག་ལས་སེམས་ཅན་སྣ་ནང་ནས་དབུགས་གཏོང་མཁན་གཅིག་མེད་ཀྱང་། སྡེ་ནང་གིས་བཤད་ན་ཆུང་མ་འཇོག་ཤེས་བཀོལ་ཤེས་མཁན་གཅིག་ཡོད་པས་སྲིད་གཞུང་གི་ཀུན་གསབ་བཟའ་འབྲུ་ཁོ་ནས་ཁ་གསོས་ཡོད་པ་དང་། མགོན་པོ་ནི་ཉིན་དཀར་ལྷ་མོར་ལྷ་བཞེངས་རོགས། ནུབ་མོ་འདྲེ་མོར་ཐག་འཐག་རོགས། རྐང་བས་ཉ་ཨེ་ཟིན། ལག་པས་བྱ་ཨེ་ཟིན་ལྟ་མཁན་རྐུན་མ་ཡ་མེད་ཅིག་ཡིན་པར་གྲགས། དེའི་ཕྱིར་ནམ་ཞིག་ང་ཡིས་བཞོན་རྟ་རྣམས་རྟ་བདག་ལ་ངོ་ཨེ་འཕྲོད་དམ་སྙམ་ནས་སེམས་ཁྲལ་ཞིག་ཡུན་གྱིས་སྐྱེས་འོང་། ཡིན་ན་ཡང་མི་ནི་དོན་དག་གང་ལ་འཕྲད་ཀྱང་ཅི་དྲག་སྙམ་ནས་སྡོད་མཁན་གྱི་སེམས་ཅན་ཞིག་རེད། བླ་ལྷག་གནད་འགག་གི་སྐབས་སུ་བློ་ལ་འགྱུར་བ་གཏང་མཁན་གྱི་གཅན་གཟན་གྱི་རིགས་ཤིག་རེད།

            ཁྱིམ་ནས་ཡར་བལྟས་ན་མགོན་པོ་ཚང་གི་རུ་བ་ལག་མཐིལ་དུ་བླངས་བ་ལྟར་མཐོང་ཐུབ། ཁོ་ཚང་གི་ཉི་གློག་ད་དུང་ཟིམ་པར་མི་བྱེད་ཅིང་། དེའི་ཕྱོགས་ནས་རླུང་བུ་ཞིག་ལས་མ་གཡུག་ཀྱང་ང་ཡི་དོ་སྣང་གི་ཡུལ་ནས་འཆོར་ཐབས་མེད་པར་ལམ་སང་རྟ་རའི་ནང་ལ་ཐེངས་རེར་ལྟ་བ་ཡིན། མི་བརྒྱ་ཁ་མཐུན་པར་མི་གཅིག་དཔོན་ལ་བསྐོ། རྟ་བརྒྱ་ལྷས་ལ་འཇུག་པར་རྟ་གཅིག་སྔུན་དུ་འདོགས། ང་ལ་ཡང་ང་ཡི་རྟ་སྲུང་ལུགས་ཡོད་པ་རེད། ཁྱོད་ཤྭ་བོ་རྒྱུག་ལུགས་བཅོ་བརྒྱད་ཡོད་ཀྱང་། ང་རྔོན་པར་སྒུག་ལུགས་བཅུ་དགུ་ལོས་ཡོད།

           གཟི་རྩ་སྡེ་དགུར་ས་ཡོམ་བྱུང་ནས་ཟླ་བ་གཅིག་འགོར་འདུག དུས་སྐབས་དེར་རྨེ་བ་རྩྭ་ཐང་གི་ལྗོངས་སྐོར་སྣེ་ལེན་ས་ཚིགས་ཚང་མས་ཚོང་སྒོ་བརྒྱབ་པ་དང་། ང་ནི་ཕྱོགས་མགྲོན་སྐྱིད་སྒར་ཞེས་པའི་སྣེ་ལེན་ཁང་ཞིག་གི་རྟ་སྲུང་ལ་བསྡད་པ་ཡིན། ང་དང་ར་སྐོར་གཅིག་གི་ནང་དུ་མོ་ཉོས་གཡག་ཏུ་འབོད་པའི་བགྲེས་པོ་གཡག་དཀར་པོ་སྐྱོན་མཁན་ཞིག་ཀྱང་ཡོད།

          “ངས་གཡག་ཁྲིད་ནས་མི་ལོ་ཉི་ཤུ་འདས་སོང་། སེམས་ཅན་ཤེས་མེད་ཀྱིས་ཀྱང་མི་ཚེ་ཐུང་ཐུང་རེ་སྐྱེལ་རོགས་བྱས་ཤིང་ངས་ཁྱིམ་ཚང་གི་ཁ་རྒྱབ་གསོ་སྤྱད་བྱས་སོང་། ད་ལོ་དགུན་ཁ་ནས་ངས་རྩྭ་རར་བཅུག་ནས་ཚེ་ལོ་མཐར་ཕྱིན་པར་འཇུག་དགོས།” མོ་ཉོས་གཡག་ངའི་ས་རུ་ཡོང་ནས་ཁ་བརྡ་མང་པོ་བྱེད་ཅིང་། མི་ཕོ་ཁོ་ལ་རང་གི་སྣ་ལོའི་སྐོར་གྱི་ཁ་བརྡ་རེ་ལས་ཁ་བརྡ་གཞན་ཅང་མེད་པ་འདྲ། ཡིན་ན་ཡང་ཁོ་ནི་མི་འགྲོགས་བདེ་གཤིབ་བདེ་ཞིག་ཡིན་པ་འདྲ་སྟེ། ནམ་རྒྱུན་མགོན་པོ་དང་འཕྲད་དེ་ལམ་སྟེང་ནས་ཁ་བརྡ་མང་པོ་བྱེད། ཚུལ་དེ་མཐོང་ན་སྤྱང་ཀི་ལ་གྲོས། གཅན་གཟན་ལ་ནང་བཤད་བྱེད་ཀྱིན་པ་མ་ཡིན་ནམ་སྙམ་ནས་ང་རང་ཡང་རླུང་ལང་ལྡང་འདུག

            དེ་རིང་ནི་ཉི་མ་ཤིན་ཏུ་ཚ་བའི་ཉིན་མོ་ཞིག་རེད། གཞུང་ལམ་ཕ་རོལ་གྱི་རྨེ་ཆུ་སྔོན་མོ་དལ་གྱིས་བཞུར་ཞིང་། གཞུང་ལམ་སྟེང་དུ་རླངས་འཁོར་གཅིག་ཀྱང་འགྲོ་མཁན་མི་འདུག མི་ནི་འུར་ཟིང་གིས་གསོན་ཡོད་པ་འདྲ་སྟེ། དུས་སྐབས་དེ་དག་ལ་ནམ་ཚ་མི་འགྲོ་བའི་སེམས་གཅོང་ཁོ་ན་སྐྱེས་ཡོང་བ་རེད། ང་རང་གི་ཉལ་གུར་ནང་གན་རྐྱལ་དུ་ལོག་ནས་རྒྱ་ལམ་ཐད་བལྟས་ཡོད། གཡག་གིས་སྣ་ལོ་དཀར་པོ་རྨེ་ཆུའི་ཁ་རུ་ཁྲིད་ནས་ཀ་ཏོ་རར་ཆུ་བཅུས་ནས་ཁྲུས་བྱས་རྗེས་ཕྱིར་ལོག་ཅིང་། ལམ་དུ་སླེབས་ཚེ་དུས་ཡུན་རིང་པོར་ཡར་ལྟ་མར་ལྟ་བྱས་ནས་བསྡད་བྱུང་། ཏག་ཏག་དེ་ནི་ཆུ་ཚོད་གཅིག་ཙམ་འགོར་ཡང་རླངས་འཁོར་གཅིག་ཀྱང་མ་སོང་བ་ཁོ་ཐག་ཡིན། མགོན་པོ་ནི་དེའི་སྔ་རོལ་དུ་མར་ཕྱོགས་སུ་རྒྱ་མི་ལམ་བཟོ་བའི་སྤགས་ནང་གི་ཕག་ཤ་ཟ་བར་ཆས་སོང་བ་འདྲ།

            ད་ནི་ཚིག་གི་རོ་མ་དོར་ནས་དོན་གྱི་རྡོ་ཁ་རེ་བསྟན་ན། ང་རང་གཉིད་ཐུན་ཞིག་བརྒྱབ་རྗེས། ངའི་རྨི་ལམ་ནང་མི་སྐད་ལྡབ་ལྡིབ་འགའ་གྲགས་ཤིང་། མི་སྐད་དེས་ང་རང་གཉིད་ལས་དཀྲོགས་བྱུང་། ངའི་སེམས་སུ་མགོན་པོས་ཞགས་པ་ཐོག་ནས་རྟ་ལྷས་ལ་བསླེབས་པ་མ་ཡིན་ནམ་སྙམ་ནས་མགོ་བོ་ཡར་བཏེགས་པ་ན། ཉི་མ་ཉི་མའི་གུང་ལ་ཡང་བསླེབས་མི་འདུག་ཅིང་། ཏག་ཏག་མགོན་པོ་དང་གཡག་རྒན་ར་བའི་ནང་དུ་ཡོང་གིན་འདུག ཏག་ཏག་ཁོ་གཉིས་ངའི་ཉལ་གུར་ཕྱོགས་སུ་ཡོང་གིན་འདུག་གོ།། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།