བཟའ་མིའི་ལས་བགོས།

རྩོམ་པ་པོ།   དུས་ཚོད།   2019-09-02   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          དེ་ལྟར་ན།  འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་རྒྱུ་ཆས་ཚང་མ་ཕྱུགས་རིགས་རེད།  དེ་ཚང་མ་རང་སྒོ་ན་ཡོད་པ་ཡིན་ཡང་།  ལག་ལས་བྱེད་དགོས་པ་ཧ་ཅང་མང་བས།  འབྲོག་དཀྱུས་མའི་ཁྱིམ་གཅིག་གི་བཟའ་མིས་ལས་ཀ་སྣ་མང་བསྒྲུབ་ཐུབ་པའི་ལས་བགོ་བྱེད་ཐབས་ཡོད་དམ་ཟེར་ན།  ཡོད་དེ། 

         གཅིག་ཏུ།  གསར་དུ་ལས་བགོ་བྱེད་མི་དགོས་པའི་རང་ཤུགས་ཀྱི་གོམས་སྲོལ་བཟང་བོ་ཡོད་པ་རེད།  དཔེར་ན།  ཁྱིམ་ནས་ཐབ་ཆ་བསྒྲིག་རྒྱུ་དང་། བཟའ་མི་ལ་ཇ་ཆུ་བསྐོལ་རྒྱུ།  སྐྱེས་པ་དང་རྒན་གྲས།  འགྲུལ་མགྲོན་སོགས་ལ་ཇ་བསུ་རྒྱུ།   ཨོང་ཤིང་བསྡུ་རྒྱུ།  ཆུ་ལེན་མེ་འབུད་བྱེད་རྒྱུ་གཞིར་བྱས་ཐོག  ཐོན་སྐྱེད་ཀྱི་ལས་ཀ་བཞོ་ཟོག་དང་བེའུ་ཡར་བཏགས་འདོགས་བྱེད་རྒྱུ་དང་བཞོན་བཞོ་བ།  དཀར་ཆུ་སྐོལ་བ།  འོ་མ་དཀྲུག་པ། ཞོ་རྒྱག་པ།  མར་ཕྱུར་གསོག་པ།  བལ་ཁུལ་འཁལ་འཐག་  ལོ་རེ་བཞིན་སྦྲ་གསོ་བྱེད་ཀྱི་སྦྲེ་ལྡེ་བཏགས་པ་ རྣམས་ནི་མ་སྲུ་དང་བུ་མོ་ཚོའི་རང་ལས་ཡིན་པས།  གསར་དུ་ལས་མགོ་བྱེད་མི་དགོས།  དེར་མ་ཟད་དུས་རྒྱུན་པར་འབྲུ་ནས་རྔོད་འཐག་བྱས་ནས་རྩམ་པ་གསར་བ་ལག་མཆིག་གིས་འཐགས་ན་འཐག་ཚེགས་ཆེ་ཡང་ཁ་དྲིན་མེད་པ།  རང་ཁྱིམ་གྱི་རྒས་བཞི་གཉོར་སྟེན་བྱེད་པ།  རྒྱུན་དུ་སྒོ་ཕྱུགས་དང་སྒོ་ཁྱི་གསོ་བ་སོགས་ཡ་རབས་སྤྱོད་སྟངས་རང་ཤུགས་སུ་ཡོད། 

          གཉིས་སུ།  སྐྱེས་པ་ཡིན་ན་ཁྱིམ་ཕྱི་ནང་གི་བྱ་བ་གལ་ཆེན་དང་ཐོན་སྐྱེད་སྤེལ་བའི་ཕྱོགས་སུ་སེམས་ཁུར་བྱེད་དགོས་ཤིང་།  ཁྱིམ་གྱི་འཚོ་བི་ནང་ནས་འབྲུ་ནས་དང་ཇ་ཚྭ་སོགས་དམར་ལས་ཡོད་ཚད་བྱེད་རྒྱུ།  སྐྱས་སྤོར་བ་དང་མཚེར་ལྷས་སྤོར་རྒྱུ།  རྟ་དང་ཁལ་གཡག་སོགས་བཏག་འདོག་བྱེད་རྒྱུ།  རྟ་རྒོད་དང་གཡག་རྒོད་བཏུལ་རྒྱུ།  རི་མགོ་ནས་ཕྱུགས་འཚོ་སྐྱོང་བྱེད་པ་རྣམས་གཞིར་བྱས་ཐོག  ཕྱུགས་རིགས་ཕྱུགས་རྫས་སོགས་ཀྱིས་ཡུལ་གཞན་དུ་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་ཉོ་ཚོང་བྱེད་དགོས།  སྡེ་ཆོས་དང་རུ་ཆོས་སོགས་ཀྱི་གྲོས་ཀ་དང་མི་འདུ་ལ་ཡང་ཞུགས་དགོས།  དེ་ཚང་མ་ཁྱིམ་གྱི་སྐྱེས་པ་དང་མག་པ་སོགས་ཀྱི་ལས་ཀ་ཡིན་པས།  གསར་དུ་ལས་བགོ་བྱེད་མི་དགོས། 

           གསུམ་དུ།  སྐྱེས་པ་དང་བུད་མེད་སོགས་བཟའ་མི་སུས་ཐུབ་ཀྱིས་བྱེད་དགོས་པའི་ལས་ཀ་ནི།  ཁྱིམ་ཕྱི་ནང་དང་མཚེར་ལྷས་སོགས་ཁོར་ཡུག་གཙང་རྒྱུ།  འགྲུལ་མགྲོན་སྣེ་ལེན་བྱེད་རྒྱུ།  བཟའ་མིའི་གོས་ལྷམ་དང་སྦྲ་གུར་བཟོ་བཀོད་བྱེད་རྒྱུ།  མཉེད་མཉེ་རྒྱུ།  ཕྱུགས་འཚོ་སྐྱོང་གི་ཉིན་རྫི་བྱེད་རྒྱུ། ས་ཆ་ལ་ལ་ནས་སྐྱེས་པ་རྫི་ཞོར་ལ་འཕང་འཁེལ་དགོས།  དགུན་རྩྭ་འཐུ་རྒྱུ་དང་དགུན་ར་བསྐོར་རྒྱུ།  ཟོག་ནག་གི་ཁུལ་རྩིད་འབྲེག་རྒྱུ།  ལུག་བལ་ལེན་པ་སོགས་གང་མང་ཡོད།  

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།