བྱམས་བརྩེའི་སྨན་བཅོས་བྱེད་སྒོ་ཡིས་དམངས་ལ་ཕན་བདེ་སྐྲུན།

རྩོམ་པ་པོ།   གྲགས་པ་བསྟན་འཛིན། དུས་ཚོད།   2019-09-02   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


            ལུས་ཀྱི་ནད་རིགས་སྣ་ཚོགས་ལ་སྨན་བཅོས་ལེགས་པོར་བྱས་ནས་བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་བདེ་ཐང་གི་གནས་ཚུལ་སྔར་བས་ཇེ་ལེགས་སུ་གཏོང་བ་དང་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་ཆེད། ཉེ་ཆར། འཛམ་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྒྲུབ་འགན་བཞེས་ལ། ཇོ་ནང་དུས་འཁོར་བོད་སྨན་ཁྲིད་སྦྱོང་སུའོ་ཡི་འགན་འཁུར་བ་འཇམ་དབྱངས་བློ་གྲོས་ཀྱིས་གཙོ་བོར་སྒྲུབ་ཅིང་། བྱམས་བརྩེ་བརྗོད་བྱ་གཙོ་བོ་བྱས་པའི་སྨན་བཅོས་བྱེད་སྒོ་དེ་འཛམ་ཐང་བར་མ་གྲོང་རྡལ་ཇོ་ནང་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་གཉེར་བ་དང་། པེ་ཅིང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་དང་། ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན། ཅིའུ་ཅང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན། ཁྲང་ཀྲོའུ་ཅང་ནན་སྨན་ཁང་སོགས་ཀྱི་སྨན་པ་80ལྷག་ཙམ་གྱིས་འཛམ་ཐང་རྫོང་གི་ཞིང་འབྲོག་མང་ཚོགས་ལ་བདེ་ཐང་དང་ཐུགས་ཁུར་གནང་།

             བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། སྨན་པ་ཚང་མས་ནད་པར་འགན་འཁུར་བའི་སྒོ་ནས་བརྟག་དཔྱད་བྱས་པ་དང་། ནད་པས་བཏོན་པའི་དྲི་བར་ངང་རྒྱུད་རིང་པོས་ལན་བཏབ་པས་། སྨན་པའི་བླ་ན་མེད་པའི་གཞན་གཅེས་ཀྱི་སྙིང་སྟོབས་མངོན། བྱེད་སྒོ་རུ་སྨན་པ་རྣམས་ཀྱིས་ད་དུང་རྐེད་ཚིགས་ཀྱི་ཝ་རུས་ནད་ཅན་དང་། རྐང་ལག་དང་མཇིང་ཚིགས་ན་བ་སོགས་ཀྱི་ནད་པ་ལའང་རང་ནུས་ཅི་ལྕོགས་ཀྱིས་སྨན་བཅོས་བྱས་པ་དང་། སྨན་པ་ཚོས་རང་ལུས་ཀྱི་མི་བདེ་བ་ཁྱད་དུ་བསད་དེ་ངལ་བ་ལ་མ་འཛེམས་པར་སྨན་བཅོས་བྱེད་ཀྱིན་ཡོད་པས། ནད་པ་ཚོས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།

               རྒྱུས་ལོན་པ་ལྟར་ན། བྱམས་བརྩེའི་ངང་གཉེར་བའི་བྱེད་སྒོ་དེ་ལོ་རེར་ཐེངས་རེ་སྤེལ་བ་དང་། ཉིན་19ཡི་རིང་དུ་བྱེད་སྒོའི་རྒྱུན་སྐྱོང་གིན་ཡོད་འདུག ད་ལོ་ནི་བྱེད་སྒོ་དེ་སྤེལ་ནས་ལོ་ངོ་བདུན་པ་དེ་ཡིན་པ་དང་། སྨན་རིན་མི་དགོས་པར་བདེ་ཐང་བློ་འདྲི་དང་། ནད་ལ་བརྟག་དཔྱད། སྨན་རྫས་སྦྱིན་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་ཞབས་ཞུ་བརྒྱུད་དེ། རྫོང་དེའི་ཞིང་འབྲོག་མང་ཚོགས་ཀྱི་ནད་པ་5000ལྷག་ཙམ་ལ་སྨན་བཅོས་ནུས་ལྡན་བྱས་པས། ས་ཐག་རིང་དུ་སྨན་བཅོས་བྱེད་དུ་འགྲོ་དགོས་པའི་དཀའ་ངལ་ཆེ་བ་བཅས་ཀྱི་གནད་དོན་ལ་ལེགས་བཅོས་ཆེན་པོ་བྱུང་ནས་ཞིང་འབྲོག་མང་ཚོགས་ཀྱིས་རང་གི་སྒོ་འགྲམ་ནས་སྨན་བཅོས་ཞབས་ཞུ་དང་བདེ་ཐང་སློབ་གསོ་ལོངས་སྤྱོད་ཐུབ་པས། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་སྨན་བཅོས་འགན་ལེན་ནུས་ལྡན་ཐུབ་ཡོད། 

       ད་ཐེངས་ཀྱི་བྱེད་དེས་རོང་འབྲོག་མང་ཚོགས་ལ་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་བཏང་བར་མ་ཟད། བདེ་སྲུང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། དེ་དང་ཆབས་ཅིག བྱེད་སྒོ་ནས་ཁོང་ཚོས་རང་ཉིད་ཀྱི་ནད་གཞི་ལ་ཤེས་རྟོགས་དང་སྨན་བཅོས་སྔ་མོ་ཙམ་ནས་ཐུབ་ཡོད་པས། ནད་གཞིའི་རྐྱེན་པས་དབུལ་པོར་བསྐྱར་དུ་ལོག་པའི་ཉེན་ཁ་རྩ་བའི་ཆ་ནས་ཐག་གཅོད་བྱས་ཏེ་དབུལ་བྲལ་གནད་སྒྲོལ་ལམ་འགྲོ་འོང་པར་ནུས་པ་བཏོན།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།