ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་པ།

རྩོམ་པ་པོ།   དུས་ཚོད།   2019-08-31   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་སྐོང་ཚོགས་གནང་ནས་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་སྐོང་ཚོགས་བྱ་རྒྱུའི་གཏན་འབེབས་གནང་བ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བཟོ་བའི་སྲོལ་ཡིག་དང་། ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་ཡིག་ཆ་ཐོ་འགོད་ཀྱི་ཞིབ་བཤེར་གཏན་འབེབས། ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་གྱི་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབས་ཀྱི་༼ཚོད་ལྟའི་ལག་བསྟར་༽བཅས་ལ་གྲོས་ཞིབ་གནང་བ་དང་། ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

            སྤྱི་ཚེས༣༠ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་སྐོང་ཚོགས་གནང་ནས་ད་ལོའི་སྤྱི་ཟླ༡༠པར་པེ་ཅིང་དུ་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་སྐོང་ཚོགས་བྱ་རྒྱུའི་གཏན་འབེབས་གནང་བ་དང་། གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་ཞུ་བྱ་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་གལ་ཆེའི་གནད་དོན་འགའ་ཞིག་ལ་ཞིབ་འཇུག་བྱ་རྒྱུ། གྲོས་ཚོགས་ཐོག་ ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བཟོ་བའི་སྲོལ་ཡིག་དང་། ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་ཡིག་ཆ་ཐོ་འགོད་ཀྱི་ཞིབ་བཤེར་གཏན་འབེབས། ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་གྱི་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབས་ཀྱི་༼ཚོད་ལྟའི་ལག་བསྟར་༽བཅས་ལ་གྲོས་ཞིབ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།

          གྲོས་ཚོགས་ཐོག་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ཚུན། མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་གཞུང་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པས་ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ཐོབ་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་དྲང་ལྡོག་གཉིས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱས་ནས་ཟམ་མི་ཆད་པར་འཚོལ་ཞིབ་དང་ཟམ་མི་ཆད་པར་ལག་ལེན་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། ཏང་གི་འགོ་ཁྲིད་དང་། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། འབྱུང་ཁམས་དཔལ་ཡོན། དམག་དོན། ཕྱི་དོན་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་ཆགས་པ་དང་གོང་འཕེལ་ཕྱིན་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་ངང་སྐུལ་འདེད་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བས། ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་གོང་འཕེལ། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ལྷིང་འཇགས། རྒྱལ་ཁབ་གཅིག་གྱུར་བཅས་ལ་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་གནང་བ་དང་།

          གྲོས་ཚོགས་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠སོང་རིང་། རང་རེའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་གོང་འཕེལ་གྱི་ངོ་མཚར་དང་ཆབ་སྲིད་བརྟན་ལྷིང་གི་ངོ་མཚར་བཏོད་པ་དང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆག་པ་ནས་སྟོབས་ཆེར་འགྱུར་བའི་རླབས་ཆེའི་འཕུར་མཆོངས་མངོན་འགྱུར་ཐུབ་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ནི་ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་། ཀྲུང་ཧྭ་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་ལྡན་པ། མི་དམངས་ཀྱི་བརྩི་བཀུར་ཟབ་མོ་ཐོབ་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག་ཡིན་ཞིང་། དེ་ནི་སྐྱེ་སྟོབས་ཆེན་པོ་ལྡན་པ་དང་ཁྱད་འཕགས་རང་བཞིན་ཤུགས་ཆེན་མངོན་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཡིན་པ། མི་འབོར་དུང་ཕྱུར་བཅུ་བཞི་ཡོད་པའི་རྒྱལ་ཁབ་ཆེན་པོའི་ཡར་ཐོན་དང་གོང་འཕེལ་རྒྱུན་མཐུད་སྐུལ་འདེད་ཐུབ་པ་དང་། ལོ་ངོ་ལྔ་སྟོང་ལྷག་གི་ཤེས་དཔལ་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་དང་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བར་འགན་ལེན་ཐུབ་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཡིན་པ་ལག་ལེན་ལས་ར་སྤྲོད་ཐུབ་ཡོད་ཅེས་ནན་གསུངས་གནང་བ་དང་།  

          གྲོས་ཚོགས་ཐོག་ད་ཆའི་འཛམ་གླིང་ལ་ལོ་བརྒྱ་མཐོང་དཀོན་པའི་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བའི་འགག་རྩའི་དུས་ལ་སླེབས་ཡོད། དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགན་ཟླ་གཙོ་བོའི་འགྱུར་བ་དང་འཚམ་པ། རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་ལས་གཞི། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ཏེ། མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྒུག་གསར་པ་བྱེད་པའི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ་དང་། མདུན་སྐྱོད་ལམ་བུའི་སྟེང་གི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པ་རྒྱལ་བ་བྱེད་པར་ངེས་པར་དུ་གནད་དོན་གལ་ཆེ་རིགས་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། སྒྱུར་བཅོས་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་པ། མུ་མཐུད་དཀའ་སྤྱད་འབད་འཐབ་དང་གསར་གཏོད་མདུན་སྐྱོད་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་འགན་ལེན་བྱས་ཡོད་པའི་ངོས་འཛིན་གནང་བ་དང་།

           གྲོས་ཚོགས་ཐོག ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཏང་གི་སྒྲིག་ཡིག་དེ་ཉིད་རྩ་བའི་གཞི་འཛིན་ས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གནས་བབ་ཧྲིལ་པོར་ཞབས་ཞུ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ། མ་ལག་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་རྒྱུ་གཅིག་གྱུར་རྒྱུན་འཁྱོངས་བཅས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བཟོ་བའི་སྲོལ་ཡིག་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བཟོ་བཅོས་བྱེད་པ་ནི་དུས་རབས་གསར་པར་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པ་དང་། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པའི་ལག་ལེན་གྲུབ་འབྲས་དང་རིགས་གཞུང་གྲུབ་འབྲས། ལམ་ལུགས་གྲུབ་འབྲས་བཅས་མངོན་ཡོད་ཅེས་བསྟན་ཡོད་པ་དང་།

           གྲོས་ཚོགས་ཐོག ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བཟོ་བའི་ལས་དོན་དེ་ཉིད་གསར་དུ་བཟོ་བཅོས་བྱས་པའི་སྲོལ་ཡིག་དེ་གཞི་འཛིན་སར་བྱས་ནས། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་གི་ཕྱོགས་ཁག་གི་ཁྲིམས་སྲོལ་ལམ་ལུགས་ཕན་ཚུན་མཐུན་སྦྱོར་བྱེད་པ་དང་། གཤམ་གནས་ཀྱི་ཁྲིམས་སྲོལ་ལམ་ལུགས་དང་གོང་གནས་ཀྱི་ཁྲིམས་སྲོལ་ལམ་ལུགས་ཕན་ཚུན་འབྲེལ་མཐུད་བྱེད་པ། དངོས་གཟུགས་རང་བཞིན་དང་སྒྲིག་སྲོལ་རང་བཞིན། འགན་ལེན་རང་བཞིན་བཅས་ཀྱི་ཁྲིམས་སྲོལ་ལམ་ལུགས་ཕན་ཚུན་ཆ་སྒྲིག་བྱེད་པ། གསར་དུ་བཟོ་བཅོས་བྱས་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་དཔྱད་ཀྱི་གཏན་འབེབས་ལག་བསྟར་ནན་ཏན་བྱེད་པ་དང་། ཡིག་ཆ་ཡོད་ན་ཐོ་འགོད་བྱེད་པ་དང་། ཐོ་འགོད་བྱས་པར་ཞིབ་དཔྱད་བྱེད་པ། ནོར་འཁྲུལ་ཡོད་ན་ཡོ་བསྲང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཏང་གི་སྲིད་ཇུས་ཀྱི་གཅིག་གྱུར་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་གྱི་འགན་འཁྲིའི་ལམ་ལུགས་གཏན་འབེབས་ཚོད་ལྟ་ལག་བསྟར་ཞེས་པ་དོན་འཁྱོལ་ནན་པོ་བྱེད་པ་དང་། རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་བྱེད་པའི་ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་དགོས་ཞེས་ནན་གསུངས་བྱས་ཡོད་པ་རེད།  

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།