འཛམ་ཐང་རྫོང་གིས་ཆེད་ལས་ཞིང་བ་གསར་བ་སྐྱེད་སྲིང་བྱས།

རྩོམ་པ་པོ།   གསང་བདག་སྒྲོལ་མ།དུས་ཚོད།   2019-08-30   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                 ཉེ་ཆར། འཛམ་ཐང་རྫོང་གི་2019ལོའི་ཞིང་ལས་གཉེར་སྐྱོང་མཁན་གྱིས་སྔོ་ཚལ་འདེབས་འཛུགས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ན་མདའ་གྲོང་རྡལ་དུ་སྤེལ་ཞིང་། ན་མདའ་གྲོང་རྡལ་དང་ཀ་ཐོག་ཡུལ་ཚོ། རྫོང་མདའ་ཡུལ་ཚོ་བཅས་གྲོང་རྡལ་དང་ཡུལ་ཚོ་12ཀྱི་འདེབས་གསོའི་ཆེད་ལས་ཁྱིམ་ཚང་དང་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བ། བཟའ་བཏུང་ཚོང་ཁང་གི་འགན་ཁུར་བ་སོགས་ཞིང་ལས་གཉེར་སྐྱོང་མཁན་དང་ས་གནས་དེའི་མང་ཚོགས་130ལྷག་གསོ་སྦྱོང་དུ་ཞུགས།

                 རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་ནི་ཉིན་15ལ་སྤེལ་རྒྱུ་ཡིན་ཞིང་། གསོ་སྦྱོང་གི་ནང་དོན་ནི་སྤྱི་སྤྱོད་རྨང་གཞིའི་སློབ་ཚན་དང་ཆེད་ལས་རྩལ་ནུས་སློབ་ཚན་ཁག་གཉིས་སུ་དབྱེ་ཡོད་ལ། སྤྱི་སྤྱོད་རྨང་གཞིའི་སློབ་ཚན་གྱིས་གཙོ་བོ་ལག་ཤེས་ཞིང་བ་གསར་བའི་བྱང་ཚད་དང་ཞིང་ལས་དང་འབྲེལ་བའི་སྲིད་ཇུས་ཁྲིམས་སྲོལ། དེང་རབས་སྐྱེ་ཁམས་ཞིང་ལས་ཐོན་ལས་ཅན་འཛུགས་སྐྲུན། ཞིང་ལས་སྐྱེ་ཁམས་སྲུང་སྐྱོང་། དཔེ་མཚོན་སློབ་ཁྲིད་སོགས་ཁྲིད་པ་དང་། ཆེད་ལས་རྩལ་ནུས་སློབ་ཚན་གྱིས་གཙོ་བོ་ཞིང་ལས་ཀྱི་ལྗང་མདོག་ཐོན་འཕར་དང་ཕན་འབྲས་ཆེར་གཏོང་གི་འགག་སྒྲོལ་རྣམ་པ་དང་། སོན་བཟང་ཐབས་བཟང་གི་སྒྲིག་བཀོད། ཞིང་ལས་ཡིད་རྟོན་དང་ཞིང་འཕྲུལ། ཞིང་ལས་ལག་རྩལ་མཉམ་འདྲེས། ཞིང་ལས་ཚད་ལྡན་ཅན་ཐོན་སྐྱེད། ཞིང་ལས་ཐོན་རྫས་གསོག་ཉར་སོས་སྲུང་ལས་སྣོན་སོགས་ཀྱི་ལག་རྩལ་རྩལ་ནུས་ཁྲིད།

               གསོ་སྦྱོང་ཐོག་ཡ་ཨན་གྲོང་ཁྱེར་གྱི་ཤིན་ཡའོ་ལས་རིགས་གསོ་སྦྱོང་སློབ་གྲྭའི་ལས་གཏོད་སློབ་དཔོན་དང་། ཞིང་ལས་ཀྱི་མཁས་པ། དེ་བཞིན་ཕུལ་དུ་བྱུང་བའི་ཞིང་རའི་བདག་པོ་བཅས་གདན་དྲངས་ནས་ཉམས་མྱོང་སྤེལ་རེས་བྱས་ཤིང་། གསོ་སྦྱོང་མཇུག་འགྲིལ་རྗེས་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་དང་ལག་ལེན་གྱི་དཔྱད་ཞིབ་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་སློབ་མར་དཔྱད་ཞིབ་བྱས་པ་དང་། དཔྱད་ཞིབ་ཀྱི་ཚད་ལོན་པའི་སློབ་མ་ལ《ཆེད་ལས་ཞིང་བ་གསར་བའི་གསོ་སྦྱོང་ལག་ཁྱེར》སྤྲད་ལ། གསོ་སྦྱོང་ཚད་ལོན་གྱི་ཐོན་སྐྱེད་གཉེར་སྐྱོང་རྣམ་པའི་ཆེད་ལས་ཞིང་བར་བླང་བྱ་ལྟར་ཆེད་ལས་ཞིང་བ་གསར་བ་ངོས་འཛིན་བྱས་ཏེ《ཆེད་ལས་ཞིང་བ་གསར་བའི་ལག་ཁྱེར》སྤྲད།

              ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་གིས་ཐོན་ལས་ལ་གཞི་ཚུགས་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། ཕྱོགས་མང་པོར་ཞུགས་པ། ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། ཞབས་ཞུའི་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ། སྤུས་རྟགས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་གཏོང་བ་བཅས་ཁྲིད་སྟོན་བྱས་པ་དང་། རོང་འབྲོག་པའི་དགོས་མཁོ་སྐོང་རྒྱུ་ལྟེ་བར་བྱེད་པ་དང་། སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ལ། གྲོང་གསེབ་དར་རྒྱས་ཀྱིས་རིམ་པ་མི་འདྲ་བའི་ཤེས་ལྡན་མི་སྣའི་དགོས་མཁོ་གཞིར་བཟུང་སྟེ་ས་གནས་དེ་གར་གསོ་སྐྱོང་དང་འགུག་འདྲེན་རིམ་སྤར་སོགས་ཀྱི་བྱེད་ཐབས་སྤྱད་དེ་རིམ་པ་དང་རིགས་དབྱེ་ནས་ཞིང་བ་གསར་བ་ཁག་ཅིག་སྐྱེད་སྲིང་བྱས་པ་དང་། ཞིང་ལས་ལ་དགའ་བ་དང་། ལག་རྩལ་ལ་བྱང་ཆུབ་པ། གཉེར་སྐྱོང་ལ་མཁས་པའི་ལག་ཤེས་ཞིང་བ་གསར་བ་དཔུང་ཁག་ཅིག་སྐྱེད་སྲིང་བྱས། ལག་ཤེས་ཞིང་བའི་ལམ་ལུགས་བཙུགས་ཤིང་། གྲོང་གསེབ་ཀྱི་མི་འབོར་ཕྱོགས་བསྡུས་བྱང་ཚད་དེ་གྲོང་ཁྱེར་དང་གྲོང་གསེབ་བར་ཕྱོགས་གཉིས་སུ་འགྲོ་སྐྱོད་ཐུབ་རྒྱུར་སྐུལ་ཁྲིད་བྱས་ནས་ཞིང་བ་ཚོ་དངོས་འབྲེལ་ཡིད་དབང་འགུག་ནུས་ལྡན་པའི་ལས་རིགས་སུ་འགྱུར་བ་དང་། ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་ཤེས་ལྡན་པའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་ཞིང་། ཞིང་ལས་དེ་མདུན་ལམ་ཡོད་པའི་ཐོན་ལས་སུ་འགྱུར་བ་དང་གྲོང་གསེབ་དེ་ཉིད་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་འགྱུར་བ་བྱས་སོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།