དམངས་གླུའི་འགྲན་སྡུར་སྟེང་རང་ཁུལ་གྱི་གླུ་བ་བཟང་པོ་ལ་ཨང་༢པ་ཐོབ།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ།དུས་ཚོད།   2019-08-30   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                  ཟླ་8ཚེས་28ཉིན། ཨ་མདོ་བརྙན་འཕྲིན་གྱི་བོད་ཀྱི་དམངས་གླུའི་འགྲན་སྡུར་སྐབས་གཉིས་པ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་ཡོངས་སུ་མཇུག་བསྒྲིལ་འདུག་པ་དང་། རྔ་བ་ཁུལ་ཧུང་ཡོན་རྫོང་ནས་འོངས་པའི་གླུ་བ་བཟང་པོ་ལགས་ལ་ཨང་གཉིས་པའི་བྱ་དགའ་ཐོབ་འདུག 

              གླུ་བ་བཟང་པོ་ནི་ཤར་ཕྱོགས་དུང་རི་དཀར་བོའི་ཉེ་འགྲམ་རྨེ་གླིང་བཀྲ་ཤིས་ཚོ་བརྒྱད་ཀྱི་ཡ་གྱལ་སྦྲ་ཆེན་གྱི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་1988ལོའི་ཟླ་1ཚེས་25ཉིན་སྐྱེས་ཤིང་། ཆུང་དུས་སུ་སློབ་གྲྭ་འགྲིམས་པའི་སྐལ་བ་མ་བྱུང་ཡང་། རང་གི་སྐད་ངག་སྙན་མོའི་འགྱུར་ཁུག་ལ་བརྟེན་ནས་རྒྱ་ཆེ་བའི་མང་ཚོགས་རྣམས་ལ་བག་ཆགས་ཟབ་མོ་བཞག་ཅིང་། རྒྱལ་ཕྱི་ནང་གི་དམངས་གླུ་འགྲན་ཚོགས་གང་མང་དུ་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད། 

      2015ལོའི་གཟི་རྩ་སྡེ་དགུའི་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་དམངས་གླུའི་འགྲན་བསྡུར་དུ་ཨང་གཉིས་པའི་བྱ་དགའ་ཐོབ།   

      2016ལོའི་ཧུང་ཡོན་རྫོང་གི་མདོ་ཁམས་ནོར་ནག་བུམ་པའི་དམངས་གླུ་འགྲན་ཚོགས་སུ་ཨང་གཉིས་པའི་བྱ་དགའ་ཐོབ།ཀྲུང་གོའི་བོད་ཀྱི་དམངས་གླུ་རྒྱུད་འཛིན་གདན་ཞུའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།

      2016ལོའི་སྐབས་བཅུ་བཞི་པའི་ཀྲུང་གོའི་ནུབ་ཁུལ་གྱི་དམངས་གླུའི་འགྲན་ཚོགས་སུ་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ།  

      2018ལོའི་ཟུང་ཆུ་རྫོང་གི་གནའ་མཁར་བུམ་པ་རྟགས་མའི་དམངས་གླུའི་འགྲན་ཚོགས་སུ་ཨང་དང་པོའི་བྱ་དགའ་ཐོབ།

      2019ལོའི་ཧུང་ཡོན་ནོར་གནག་རོལ་དབྱངས་དུས་སྟོན་སྐབས་བཞི་པའི་བོད་ཀྱི་དམངས་གླུའི་གདན་ཞུའི་འགྲན་ཚོགས་སྐབས་དང་པོར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

      2019ལོའི་ཨ་མདོ་བརྙན་འཕྲིན་ཁང་གིས་བསྡུས་པའི་བོད་ཀྱི་དམངས་གླུའི་འགྲན་སྡུར་སྐབས་གཉིས་པར་སྙན་དབྱངས་ཀྱི་འགྱུར་ཁུགས་རྫོགས་པའི་བྱ་དགའ་ཨང་གཉིས་པ་ཐོབ་པ་སོགས། མདོར་ན། འབྲོག་ཕྲུག་དཀྱུས་མ་ཞིག་གིས་རང་གི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོར་བརྟེན་ཏེ། ཕ་ཡུལ་དང་ཕ་ཡུལ་གྱི་མང་ཚོགས་རྣམས་ལ་བོད་སྐད་གཙང་མའི་གླུ་དབྱངས་ཀྱི་འགྱུར་ཁུག་སྙན་མོས་རྣ་དབང་ཡང་ཡང་གསོས་ཤིང་། གསོ་བཞིན་འདུག་པ་འདི་ལགས། ཨ་མདོ་བརྙན་འཕྲིན་གྱི་བོད་ཀྱི་དམངས་གླུ་འགྲན་སྡུར་ནི་བོད་ཀྱི་དམངས་གླུ་དང་དམངས་གླུའི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བ་ལ་དམིགས་ཤིང་། དམངས་ཁྲོད་ཀྱི་གླུ་བ་དང་།  གླུ་མ་དག་ལ་ཆེད་དུ་དམིགས་པའི་གར་སྟེགས་ཤིག་ཡིན་པར་བཤད་ལ། ད་ལྟའི་བར་སྔ་ཕྱིར་ཐེངས་གཉིས་ལ་སྤེལ་ཏེ། བོད་ཀྱི་དམངས་གླུ་དང་དམངས་གླུའི་རིག་གནས་རྒྱུད་འཛིན་དར་སྤེལ་ལ་ནུས་པ་སྔ་ན་མེད་པ་ཐོན་དང་འདོན་བཞིན་ཡོད་པར་མ་ཟད། རྒྱ་ཆེའི་ལྟ་མཁན་ཡོངས་ཀྱིས་ཆེས་དགའ་བསུ་ཐོབ་བཞིན་པའི་བརྙན་འཕྲིན་རིག་རྩལ་ལེ་ཚན་ཞིག་ཏུ་གྱུར་ཡོད་པར་བཤད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།