སེམས་གཞས་ཤིག་གི་འགྲེལ།

རྩོམ་པ་པོ།   དུས་ཚོད།   2019-08-29   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                      རང་ཉིད་ཕལ་བའི་མི་ཞིག་ཡིན་པའི་ངོས་ནས་འཇིག་རྟེན་འདིར་ཆེས་ཡིད་དུ་འོངས་ཤིང་མཛེས་པར་སྣང་བ་མང་པོ་ཞིག་ཡོད་མོད། དེའི་ནང་ནས་རྒྱུན་པར་ཆེས་རང་གི་རྣ་བར་སྙན་པའི་གཞས་ཤིག་སྟེ། ལོ་གཉིས་ལྷག་གི་རིང་ལ་ཚར་བརྒྱ་སྟོང་ཙམ་ཞིག་མཉན་དང་ཉན་བཞིན་པའི་གཞས་ཤིག་ཡོད་པ་དེ་རེད། གཞས་དེ་ཁོ་བོས་ལོ་འདི་གར་སྙན་ངག་ཏུ་རློམ་པའི་ཡིག་ཚོགས་འགའ་ཞིག་བྲིས་པའི་ཆ་ཤས་ཤིག་ཏུ་གྲུབ་ཡོད་ཅེས་བཤད་ནའང་འཐུས། རང་རེའི་འཇིག་རྟེན་དེར་ཚྭ་སྒོག་གཡེར་གསུམ་དང་འདྲ་བའི་བྲོ་བ་སྣ་མང་ཅན་གྱི་དངོས་པོ་ཧ་ཅང་མང་པོ་ཞིག་རང་བྱུང་གི་སྟོབས་ཀྱིས་གཞི་གྲུབ་ཡོད་པ་རེད། འཇིག་རྟེན་གྱི་མི་རྣམས་བློའི་བསམ་པའི་བྱེ་བྲག་མ་འདྲ་བའི་དབང་གིས་ཁ་ཅིག་གིས་ཆེས་མཛེས་སྡུག་ལྡན་ལ་ཁ་དོག་སྣ་མང་ཅན་གྱི་མེ་ཏོག་དག་ལ་ཡང་། སོག་མའི་ཕོན་པོ་ཞིང་ཁར་གཡེང་བ་ལྟར་ཉི་ཚེ་བའི་རིན་ཐང་དུ་བལྟས་ཏེ་རྨིག་མེད་དུ་བཏང་བ་དང་། རིན་ཐང་རྨང་ནས་བོར་ཟིན་པའི་ཆུ་ཤིང་རུལ་བ་ལྟ་བུའི་དངོས་པོ་དག་ལ་ཡང་མུ་ཏིག་གི་ཆུན་པོ་གསེར་ཆིངས་ཀྱིས་བཅིངས་པ་ལྟར་རིན་ཐང་ཅན་དུ་མཐོང་སྟེ་ནན་ཏན་གྱིས་འཇུག་མཁན་ནི་གྲངས་མེད། ཡིན་ནའང་མི་རེ་འགའ་ནི་དེ་ལྟར་མ་ཡིན་ཏེ་འཚོ་གནས་དང་། ཚེ་སྲོག བརྩེ་དུང་སོགས་ཀྱི་མཛེས་སྡུག་ཇི་བཞིན་རྟོགས་པའི་རྣམ་རིག་གསལ་བ་ཅན་མང་པོ་ཞིག་ནི་ཉ་ཕྱིས་ལ་དངུལ་དུ་འཁྲུལ་བ་ལྟར་མེད་པར། སྲེག་གཅོད་བརྡར་གསུམ་གྱི་ཁྲོད་དུ་མཛེས་སྡུག་ཇི་བཞིན་ངོ་ཟིན་མཁན་མང་པོ་ཡོད་སྟབས། གང་ལྟར་ཚོར་བ་རྣོ་ཞིང་དུངས་པ་སྐྱེན་པའི་འུ་ཅག་གི་གཞོན་རབས་པ་འདི་དག་ནི་མཛེས་སྡུག་གི་བྲན་གཡོག་བྱེད་པར་མོས་པས། བརྩེ་དུང་གི་བསླུ་བྲིད་ལས་ནམ་ཡང་གཡོལ་དཀའ་བར་འདུག

                 ང་རང་ཉིད་ཀྱང་དེ་དག་གི་ཁྱབ་ཁོངས་ལས་མ་འདས་ཏེ་སྒྱུ་རྩལ་དང་། མཛེས་སྡུག རིན་ཐང་། རང་གཤིས་སོགས་ཀྱིས་ང་རང་གི་མི་ཚེའི་ཕུགས་འབེན་ཇི་ལྟར་མངོན་གྱུར་བྱ་དགོས་མིན་མ་ངེས་ཀྱང་། རང་ཉིད་ཀྱི་མོས་པ་དྲག་པོར་བྱས་ཏེ་མཛེས་སྡུག་དང་བརྩེ་དུང་གི་རུས་པ་ཇི་ལྟར་སྲ་ཡང་མུར་སྙིང་འདོད།

                ཉེ་སྔོན་ང་ཡི་ན་མཉམ་གྱི་གྲོགས་པོ་སྐོར་ཞིག་གིས་འདྲི་རྒྱུར་ཁྱོད་གཞས་ཤིག་ལ་དེ་ཙམ་བློ་ཐག་ཅིའི་ཕྱིར་ཉེ་སོང་བ་ཡིན་ནམ་ཁྱོས་དུང་བརྗོད་སྙན་ངག་ཅིའི་ཕྱིར་བྲིས་པ་ཡིན་ཟེར་བ་དཔེ་ཙམ་དུ་ཟད། གང་ལྟར་མཛེས་དཔྱོད་ཀྱི་ལྟ་བ་མ་འདྲ་བ་དང་བསམ་བྱུང་གི་བག་ཆགས་མ་འདྲ་བའི་དབང་གིས་ནང་བསམ་པའི་དཔལ་ཡོན་ལ་ཡང་སྔོག་འདོན་བྱ་ཚུལ་མི་མཐུན་པ་ཡོད་པ་ཐེ་མི་ཚོམ།

               གཞན་ཡང་གཏན་ཚིགས་ཤིག་གིས་འགྲེལ་བཤད་བྱས་ན། ང་ཡི་རྐང་པ་ཡ་གཅིག་མི་ཡུལ་གྱི་ཁ་དོག་སྣ་ཚོགས་དང་ལྡན་པའི་མཛེས་སྡུག་གི་བརླན་གཤེར་ཁྲོད་དུ་ཟུག་ནས་ཡོད་ཅིང་། རྐང་བ་གཞན་དེ་ནི་ཞི་བའི་གྲོང་སྟེ་ཏིང་འཛིན་གྱི་གནས་སུ་སྤོས་ཡོད། དེ་བས་རང་ཉིད་ལ་དམ་ཆོས་ཀྱི་ཁ་རླངས་ཇི་ཙམ་ཡོད་ནའང་འཐུས་མོད། བརྩེ་བའི་ས་བོན་ལ་མཛེས་ཞེན་གྱི་ལོ་འདབ་ཀྱང་དེ་བས་རྒྱས་ཆོག་པར་འདོད།

               མདོར་བསྡུས་ནས་བཤད་ན་གཞས་དེ་ནི་རང་ཉིད་ལ་མཚོན་ན་བརྩེ་དུང་གི་མངར་ཁ་ཚ་བའི་རྣ་བའི་བུ་རམ་ལྟ་བུར་གྱུར་ཡོད་ཅིང་། རང་ཉིད་བྲེལ་བྲེལ་འཚུབ་འཚུབ་ཀྱི་ངང་ནས་མཐའ་མེད་པའི་འཇིག་རྟེན་གྱི་རྐང་ལམ་རིང་མོ་ཞིག་གོམ་སྒྲ་འཇམ་པོས་བརྒལ་དུས། བརྗེད་མི་སྲིད་པའི་ལྷ་མོ་དབྱངས་ཅན་མས་རྣ་བར་ཤབ་ཤུབ་ཏུ་བཤད་པའི་སྙིང་གཏམ་དམར་རྗེན་མ་དེ་ཡིན། དེ་བས་ང་ནམ་ཡང་གཞས་དེ་ལ་དགའ་པོ་ཡོད་དོ།། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།