ཁྱོད་མྱུར་མོར་ཕ་ཡུལ་ལ་ལོག

རྩོམ་པ་པོ།   དུས་ཚོད།   2019-08-29   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                       ཕ་ཡུལ་ལགས། དོ་དགོང་ངས་གྲྭ་ཤག་གི་སྒེའུ་ཁུང་ལས་དགོན་པའི་གཡེར་དྲིལ་སིང་སིང་གི་སྒྲ་ལ་ཉན་བཞིན་གྲོགས་པོ་དག་ལ་ཁྱེད་ཀྱི་མཛེས་སྡུག་དང་མཚར་སྡུག་གླེང་བཞིན་ཡོད། འཁྱག་སིབ་སིབ་ཀྱི་གྲོང་ཁྱེར་འདི་ནས་ཁྱི་ལྡོམ་འགའ་རེས་ཟུག་སྐད་རྣ་བར་གསན་དུས་ངས་ལྷིང་འཇགས་ཀྱི་རྩྭ་ཐང་དང་སྦྲ་ནག་དྲན་བྱུང་། དུས་རྒྱུན་ང་རང་དམིགས་ཡུལ་གང་ཞིག་གི་ཆེད་དུ་སོང་སོང་མཐར་སླར་ཡང་ཁྱེད་ཀྱི་རུམ་ཁུང་དུ་འཛུལ་ནས་མུ་མཐུད་དུ་འཚོ་དགོས་བྱུང་།

                      ཡུལ་བ་གྲོང་ཁྱེར་དུ་སྤོར་བ་ནས་བཟུང་ཡིད་འོང་གི་འབྲོག་པའི་འཚོ་བ་དང་བར་ཐག་རིང་དུ་ཕྱིན། ད་སྐབས་ང་རང་སློབ་གྲྭའི་དབྱར་གནང་གི་སྐབས་སུ་སྡེ་བའི་སྤྱི་སྲུང་ལ་ཁ་གཏད་ནས་འབྲོག་ཐང་དུ་འགྲོ་བ་མ་གཏོགས་ཐེངས་གཅིག་ལ་ཡང་ལོག་ཐུབ་ཀྱིན་མེད། ངལ་གསོའི་སྐབས་ང་རང་ཁེར་རྐྱང་དུ་དགོན་པའི་རྒྱབ་རིའི་རི་རྩེར་འཛེགས་ནས་རང་སེམས་སུ་བདེ་ལྡན་ཞིང་ལྟར་མཛེས་སྡུག་ལྡན་པའི་ཕ་ཡུལ་ལ་རྒྱང་ལྟ་བྱས།

                      ང་རང་ཆུང་དུས་སུ་དགོང་མོར་ནོར་ལྷས་རར་བཏགས་ཚར་རྗེས་ནུབ་ཇ་བཏུང་ནས་མལ་དུ་ཉལ་ན་ངེད་ཚང་གི་མགྲོན་པོ་ཨ་ཡས་རྒན་མོ་དེའི་གནའ་གཏམ་བཤད་པ་ལ་ཉན་གྱིན་སྦྲ་ནག་གི་ཁ་འཚུབ་ཧྲག་བར་ནས་དགོང་གི་སྐར་ཚོགས་ལ་ལྟ་རྒྱུ་ཧ་ཅང་དགའ། ཡིན་ནའང་ང་རང་རྩྭ་ཐང་དང་གྱེས་པ་ནས་རྒྱུས་མེད་ཀྱི་རི་བོ་དག་གི་ཕྲག་གོང་ནས་རང་གི་ལྟེ་ཁྲག་འཐོར་སའི་ཕ་ཡུལ་ལ་རྒྱང་ལྟ་བྱེད་ཀྱིན་རྨི་ལམ་དང་འཆར་ཡན་གྱི་ཀློང་ནས་གངས་རི་དང་རྩྭ་ཐང་ལ་ཡང་ཡང་ལག་པས་བྱིལ་བྱིལ་བྱེད་པ་ལས། གློ་བུར་དུ་ཕ་ཡུལ་གྱི་ཡུལ་མི་ཚོར་ཁ་པར་གྱི་སྐུད་ལམ་ནས་འབྲེལ་གཏུག་རེ་བསམ་ཀྱང་འབྲོག་ཐང་ན་བརྡ་རྟགས་མེད་པ་དྲན་དུས་རང་གིས་རང་ལ་ཁྱོད་མྱུར་མོར་ཕ་ཡུལ་ལ་ལོག་ཅེས་སྐུལ་བ་ཡིན།

                       གྲོང་ཁྱེར་གྱི་ཉི་འོད་ཕྲ་མོས་ཁང་བརྩེགས་མཐོན་པོའི་གསེབ་ནས་བདག་གི་མགོ་ལ་རེག་ཙམ་གྱིས་ངས་ཕ་ཡུལ་གྱི་ཉི་མ་དང་ཟླ་བའི་དྲོ་གྲང་ལ་བསམ་གཞིག་གཏོང་དགོས་བྱུང་། དུས་ཡུན་ག་ཚོད་ཅིག་ལ་ཕ་ཡུལ་ལགས་ཁྱེད་རང་བདེ་མོ་ཨེ་ཡིན་ཞེས་འཚམས་འདྲི་གཅིག་ཀྱང་ཞུས་མ་ཐུབ་ལ། ཁེར་རྐྱང་གི་གདུང་བས་མནར་ཏེ་ཤི་མིན་གསོན་མིན་ཞིག་ཏུ་གྱུར་འདུག

                       ཕྱི་རོལ་ཏུ་ཁ་བ་བབས་ཀྱིན་ཙག་རླུང་དྲག་ཏུ་འཕྱུར་བའི་མཚན་མོ་ཞིག་ལ་དྲྭ་ལམ་ནས་སྙན་ངག་པའི་བརྩེ་གདུང་གི་ཆག་འཇིག་གླེང་བའི་ལྷུག་རྩོམ་དེ་བཀླགས་གྲུབ་རྗེས།ངས་རང་ཉིད་ཀྱི་བྲང་ཁར་ལག་པ་བཞག་ནས་ཡུན་རིང་ཞིག་ལ་བསམ་གཞིག་བཏང་བ་ཡིན། ད་ལྟ་གཞི་ནས་གྲོགས་པོ་དང་ཡུལ་མི།གཉེན་ཉེ། ང་ཚོའི་བར་ལ་བརྩེ་གདུང་གི་ཆག་འཇིག་སྔ་མོ་ནས་སླེབས་འདུག ཆུང་དུས་ར་སྐོར་གཅིག་ནས་ནར་སོན་ན་ཡང་རིམ་བཞིན་རྒྱུས་ཡོད་ནས་རྒྱུས་མེད་དང་ཁ་བརྡ་ཡོད་པ་ནས་མེད་པར་གྱུར་ཏེ་ད་ནི་ག་དུས་ཤིག་ནས་འཕྲད་ནའང་ཕན་ཚུན་ངོ་མི་ཤེས་པ་ཞིག་ཏུ་གྱུར་བ་ཅི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་།  

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།