ཡུན་ནན་དུ་ཨ་ཧྥེ་རི་ཁའི་ཕག་ནད་ཐོན་འདུག

རྩོམ་པ་པོ།   དུས་ཚོད།   2019-08-29   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

                 ཞིང་ལས་དང་གྲོང་གསེབ་པུའི་གསར་འགྱུར་གཞུང་དོན་ཁང་གིས་ཟླ་8ཚེས་26ཉིན་གནས་ཚུལ་ཡོངས་བསྒྲགས་བྱས་པར་གཞིགས་ན། ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་ཡུང་ཧྲན་རྫོང་དུ་ཨ་ཧྥེ་རི་ཁའི་ཕག་གི་འགོས་ནད་ཐོན་ཡོད།

                 ཟླ8ཚེས26ཉིན། ཞིང་ལས་དང་གྲོང་གསེབ་པུའུ་ལ་ཀྲུང་གོའི་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྙན་ཞུ་འབྱོར་ལ། ཡུན་ནན་ཞིང་ཆེན་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ནད་གཞི་གཏན་འཁེལ་བྱས་པ་བརྒྱུད། ཡུང་ཧྲན་རྫོང་ཏ་ཤིང་གྲོང་རྡལ་གྱི་གསོ་ཚགས་ར་བ་ཞིག་ཏུ་ཨ་ཧྥེ་རི་ཁའི་ཕག་གི་འགོས་ནད་ཐོན་ཡོད། འགོས་ནད་ཐོན་སྐབས་གསོ་སྤེལ་ར་བ་དེར་ཕག་120ཡོད་ཅིང་། ནད་ཕོག་པའི་ཕག་55ཡོད་པ་དང་། 26ཤི་ཡོད་པ་རེད།

                འགོས་ནད་ཐོན་རྗེས་ཞིང་ལས་དང་གྲོང་གསེབ་པུས་འཕྲལ་མར་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ས་གནས་དེ་གར་འགོས་ནད་ཐག་གཅོད་ལྟ་སྐུལ་མཛུབ་ཁྲིད་དང་ནད་ཡམས་རིག་པའི་བརྟག་དཔྱད་ལས་དོན་སྤེལ་བར་བཏང་བ་རེད། ས་གནས་དེ་གས་བླང་བྱ་ལྟར་འཕྲལ་སྡོམ་དང་ལེན་ལམ་སྲོལ་ལག་ལེན་བསྟར་ནས་བཀག་སྡོམ་དང་། གསོད་པ། གནོད་མེད་གཙང་སེལ་བྱེད་པ། དུག་སེལ་སོགས་ཀྱི་ཐག་གཅོད་བྱེད་ཐབས་སྤྱད་པ་མ་ཟད། ད་དུང་ར་བ་དེའི་ལྷག་ལུས་ཡོད་པའི་ཕག་རྣམས་བཤས་པ་དང་། བཤས་ཟིན་པའི་ཕག་དང་ནད་ཀྱིས་ཤི་བའི་ཕག་ཚང་མ་གནོད་མེད་གཙང་སེལ་བྱས་ཡོད། དེ་དང་ཆབས་ཅིག ཕག་དང་དེ་བཞིན་དེའི་ཐོན་རྫས་དག་བཀག་སྡོམ་ཁུལ་ནས་ཕྱིར་གཏོང་བྱ་རྒྱུ་དང་ཕག་བཀག་སྡོམ་ཁུལ་དུ་སྐྱེལ་འདྲེན་བྱ་རྒྱུ་གཏན་འགོག་བྱས་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།