ན་གཞོན་བཞི་ཡི་སྙིང་སྟོབས་ལས་བྱུང་བའི་མེས་པོའི་བོད་སྣུམ།

རྩོམ་པ་པོ།   དུས་ཚོད།   2019-08-28   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན་དྲ་བ།

རྔ་བ་རྫོང་ཀུན་ཕན་ཞིང་ལས་གསར་སྤེལ་ཚད་ཡོད་མཐུན་གཉེར་ཁང་།

               དབྱར་མཇུག་གི་རྔ་ལྗོངས་ཕྱུག་མོ་ནི་གསོན་ཉམས་འབུམ་གྱིས་ཕྱུག་ཅིང་།  ཡངས་ཤིང་རྒྱ་ཆེ་བའི་ཐང་ཆེན་དུ་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་བོད་ཁང་གིས་ཁྱབ་འདུག་ལ།  གཞུང་ལམ་འགྲམ་གྱི་དུད་ཁྱིམ་ཚོའི་སྡོད་ཁང་བརྗིད་ཉམས་ཆེ་ཞིང་མདུན་དུ་ར་བ་ཆེན་མོ་ཡོད་ཅིང་།  ཕར་བལྟས་ན་ར་བ་དེ་དག་ནི་སོ་སོའི་རླངས་འཁོར་འཇོག་ས་ཡིན་ཚོད་རེད།  རྔ་བ་རྫོང་མཁར་གྱི་གཞུང་ལམ་ཅུང་རྒྱ་ཆེ་ཞིང་ཚོང་ཁང་སོགས་ཀྱི་སྒོ་བྱང་ཆེ་མ་ཆུང་གསུམ་ཐོག་བོད་ཡིག་དག་ཆ་ལྡན་ཞིང་བརྡ་སྤྲོད་ཀྱི་གཞུང་དང་མཐུན་པ་ཤ་སྟག་བྲིས་འདུག་པས།  འདི་དག་ལས་མི་རིགས་རིག་གནས་ལ་མཐོང་ཆེན་དང་དར་སྤེལ་གང་ལེན་བྱེད་བཞིན་ཡོད་པ་རྟོགས་སླ།

མཐུན་གཉེར་ཁང་གི་སྒོ་བྱང་།

              སྤྱི་ཟླ་8པའི་ཚེས་17ཉིན་གྱི་ཕྱི་དྲོར།  ངེད་གསར་འགོད་ཚོ་ཆུང་སྔར་གྱི་འཆར་གཞི་ལྟར་རྔ་བ་རྫོང་ཀུན་ཕན་ཞིང་ལས་གསར་སྤེལ་ཚད་ཡོད་མཐུན་གཉེར་ཁང་དུ་བཅར་འདྲིར་ཕྱིན།  མཐུན་གཉེར་ཁང་དེ་ནི་རྔ་བ་རྫོང་མཁར་གྱི་ཟུར་དུ་གནས་ཤིང་།  ཕྱིའི་བཟོ་བཀོད་ལེགས་ཤིང་ར་བའི་ནང་དུ་སྔོ་ལྗང་རྩྭ་ཐང་གིས་ཁྱབ་འདུག །ང་ཚོ་ར་བའི་ནང་དུ་འཛུལ་མ་ཐག་ལོ་ན་གཞོན་ཞིང་གྲུང་ཤ་དོད་པའི་ཕོ་གསར་ཞིག་གིས་ངོ་ལ་འཛུམ་གྱི་གཏམས་ནས་སྣེ་ལེན་བྱས་བྱུང་།  ཁོང་ནི་མཐུན་གཉེར་ཁང་གི་སྤྱི་གཉེར་པ་ཡིན་པར་མ་ཟད།  རྒྱལ་ནང་སོགས་སུ་ཚོང་དོན་འབྲེལ་བ་བྱེད་མཁན་གཙོ་ཤོས་དེ་རེད་འདུག  །ངའི་བསམ་པར་ལས་གཏོད་ཀྱི་སྤོབས་པས་ཁེངས་པའི་ན་གཞོན་འདི་འདྲ་བ་ནི་དུས་རབས་འདི་ལ་ཧ་ཅང་མཁོ་ཡང་ང་ཚོ་ལ་རེ་གཉིས་ལས་མེད་པར་མ་ཟད།  མ་འོངས་པ་ལའང་ན་གཞོན་ཚོས་ལྕགས་ཀྱི་ཕོར་བའི་ཆེད་དུ་འབད་བརྩོན་ག་ཚོད་བྱ་རྒྱུ་རེད་སྙམ་ནས་ཡིད་མུག་སྐྱེས།

སྤྱི་གཉེར་པ་བསྟན་འཛིན་ཆོས་དབྱངས་ཀྱིས་མཐུན་གཉེར་ཁང་གི་ལོ་རྒྱུས་ངོ་སྤྲོད་བྱེད་བཞིན་པ།

              དེ་ནས་རིམ་བཞིན་སྤྱི་གཉེར་པའི་སྣེ་ཁྲིད་འོག་འགྲེམ་སྟོན་ཁང་དང་བོད་སྣུམ་ཐོན་སྐྱེད་ཀྱི་གོ་རིམ་དག་ལ་ཞིབ་ཅིང་རྒྱུས་ལོན་བྱས་པས།  རྩྭ་ཐང་གིས་མཐའ་ནས་སྐོར་བའི་མཐོ་སྒང་གི་བཟོ་གྲྭ་ཆུང་ངུ་འདིས་དེང་རབས་ཀྱི་ཚན་རྩལ་བེད་སྤྱོད་བཏང་སྟེ་རང་ས་རང་ཡུལ་ནས་ཐོན་པའི་བོད་སྣུམ་འདི་རྒྱལ་ནང་གི་གྲོང་ཁྱེར་གང་མང་ཞིག་ལ་སྐྱེལ་བཞིན་འདུག་ལ།  གནའ་སྔ་མོ་ས་གནས་འདིའི་བོད་སྣུམ་ནི་རོང་འབྲོག་མང་ཚོགས་ཀྱི་རང་ཁ་གསོ་བྱེད་ཙམ་ཡིན་ཀྱང་།  དེང་དུས་ཚན་རྩལ་གྱི་འཕེལ་རྒྱས་ལ་བརྟེན་ནས་སླད་མེད་བོད་སྣུམ་འདི་ཉིད་རྒྱལ་ཡོངས་སམ་མཐའ་ན་རྒྱལ་སྤྱི་ལ་ཚོང་འདྲེན་བྱེད་བཞིན་འདུག་པས།  མང་ཚོགས་ཀྱི་ཡོང་བབ་ལྡབ་དུ་མ་འཕར་ཡོད་པ་སྨོས་མ་དགོས།

འགྲེམ་སྟོན་ཁང་།

              རྔ་བ་རྫོང་ཀུན་ཕན་ཞིང་ལས་གསར་སྤེལ་ཚད་ཡོད་མཐུན་གཉེར་ཁང་ནི་སྤྱི་ལོ་2016ལོའི་ཟླ་7པར་ཚུགས་ཤིང་།  མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་བཏང་ཡོད།  འདི་ནི་བོད་ཁུལ་གྱི་སློབ་ཆེན་སློབ་མ་བཞི་ཡིས་མཐུན་པའི་ལག་ཟུང་དམ་དུ་སྦྲེལ་བ་དང་ལང་ཚོའི་སྤོབས་པ་མཉམ་ཤུབས་ཀྱིས་གསར་འཛུགས་བྱས་པ་ཞིག་རེད།  མཐུན་གཉེར་ཁང་གི་ད་ལྟའི་ཁེ་ལས་གཉེར་བྱ་གཙོ་བོ་ནི་མཐོ་སྒང་གི་ལྗང་མདོག་ཟས་རིགས་ཀྱི་ཚད་གཞིའི་སྟེང་ནས་མེས་པོའི་བོད་སྣུམ་ཏེ་པད་ཁ་འདེབས་འཛུགས་དང་བཙོ་སྦྱངས།  ཐོན་སྐྱེད།  ཕྱིར་འཚོང་བཅས་རེད།

མཐུན་གཉེར་ཁང་གི་མིང་དང་ཆེད་དུ་འཆར་འགོད་བྱས་པའི་ཤོག་ཁུག

              འདི་ནི་ན་གཞོན་སློབ་ཆེན་སློབ་མ་བཞི་ཡིས་ཁེ་ལས་གསར་འཛུགས་ཀྱི་སྙིང་སྟོབས་བསྐྱེད་དེ་ཕྱིར་ཕ་ཡུལ་དུ་ལོག་ནས་གཞི་རྒྱ་ཆེ་བའི་ས་ཞིང་དང་བཟོ་གྲྭ།  སྒྲིག་ཆས།  རྒྱལ་ཁབ་ཀྱི་ཚད་ལྡན་ཐོབ་ཡིག་བཅས་བླངས་ནས་མ་འོངས་ཁེ་ལས་ཀྱི་མདུན་ལམ་སྔར་ལས་ཕུན་སུམ་ཚོགས་པར་འབད་འབུངས་བྱེད་བཞིན་པ་ཞིག་ཡིན་འདུག །

ལས་གནས་ཡོངས་བསྒྲགས་དོ་ར།

              ཁོ་ཚོས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་དེ་གྲོས་མོལ་ཡང་ཡང་བྱས་རྗེས།  ད་ཆ་འགྲོ་བ་མིའི་སྤྱི་ཚོགས་སུ་ཚན་རིག་ལག་རྩལ་ཆེས་ཆེར་དར་ཞིང་དཔལ་འབྱོར་འཕེལ་རྒྱས་གོང་ནས་གོང་དུ་འཕེལ་བཞིན་ཡོད་ན་ཡང་།  དེ་དང་ལྷན་དུ་རྫས་ངན་གྱིས་སླད་པའི་ཟས་རིགས་སྣ་ཚོགས་ཆར་རྗེས་ཀྱི་ཤྭ་མོ་བཞིན་ཡོད།  མིའི་བདེ་ཐང་ནི་སྔར་འཕྲད་མ་མྱོང་པའི་ཉེན་ཁ་ཆེན་པོ་ཞིག་དང་འཕྲད་བཞིན་ཡོད་པ་དང་ལྷག་པར་ཏུ་སོས་དཀའ་བའི་སྐྲན་ནད་སྣ་ཚོགས་ནི་མི་གཙང་སྣུམ་རིགས་དག་གིས་བསྐྱེད་པ་ཡིན་ཚུལ་ཚན་རིག་མཁས་ཅན་དག་གིས་གླེང་བཞིན་ཡོད་པ་ན།  རི་མཐོ་ས་གཙང་གི་གནས་མཆོག་འདི་ནས་ལྷད་མེད་པའི་སྣུམ་རིགས་ཤིག་མཁོ་འདོན་བྱ་ཐུབ་ཚེ་དེ་ནི་ངེས་པ་དོན་གྱི་ཁེ་ལས་ཤིག་དང་།  སྙིང་པོ་ཅན་གྱི་བྱ་བཞག་ཞིག་ཡིན་པར་གྲོས་མཐུན་བྱུང་པས།  བོད་པའི་མེས་པོ་གོང་མའི་ཕྱག་བཞེས་ཇི་བཞིན་ཏིལ་སྣུམ་གཙང་མ་ཞིག་བཟོ་རྒྱུའི་སེམས་ཐག་བཅད།  དེ་ལྟར་མེས་པོ་གོང་མའི་ཤུལ་བཞག་རྣམས་དེང་རབས་ཀྱི་བློ་གྲོས་དང་མཉམ་སྦྱོར་བྱས་ཚེ།  གཞི་ནས་ཀུན་ཕན་གྱི་ལམ་བཟང་ཞིག་རྙེད་ཚུལ་ཀུན་གྱིས་གླེང་བཞིན་པ་ལྟར།  སྔ་གཞུག་ཏུ་གྲོང་ཁྱེར་ཀོང་ཀྲུའུ་དང་ཞི་ཨན་སོགས་འབྲུ་སྣུམ་བཟོ་གྲྭ་མང་པོར་སོང་ནས་ལག་རྩལ་རྒྱུས་ལོན་དང་ཕྱིར་འཚོང་ཐབས་ལམ་སོགས་ལ་སློབ་སྦྱོང་བྱས།  མ་ཟད་མེས་པོའི་ཕྱག་བཞེས་འཚོལ་ཕྱིར་སྤྱི་ལོ་2017ལོའི་ཟླ་11པའི་ཚེས་6ཉིན།  ཁོ་ཚོའི་གོམ་ཁ་དབུས་ཕྱོགས་སུ་བསྒྱུར།  ཁོ་ཚོས་མལ་གྲོ་རུ་མེས་པོ་ཚོས་ལོ་ངོ་སྟོང་ཕྲག་གི་རིང་ལ་སྤྱད་པའི་ཏིལ་སྣུམ་འདོན་ཚུལ་གྱི་ལག་རྩལ་དེ་དུས་ད་ལྟའི་བར་མ་ཉམས་རྒྱུན་འཛིན་གནང་འདུག་པ་ཤེས་རྟོགས་བྱུང་ལ་ལག་རྩལ་དེ་སྦྱངས་ནས་ཏིལ་སྣུམ་ཐོན་སྐྱེད་བྱེད་པའི་འཆར་གཞི་བཟོས།

བོད་སྣུམ་ལས་སྣོན་གྱི་གོ་རིམ།

བོད་སྣུམ་ཐོན་རྫས།

                སྤྱི་ལོ་2018ལོའི་དཔྱིད་ཀར་ཁོ་ཚོས་རྔ་བ་རྫོང་གི་ཞིང་པའི་ལག་ནས་ས་ཞིང་མུའུ་15000གླས་ཏེ།  རྨོ་འདེབས་ཀྱི་ལས་དོན་ཐམས་ཅད་ཞིབ་ཚགས་ངང་སྒྲུབ་མགོ་བརྩམས།  དེའི་ནང་དུ་རྫས་ལུད་ཅུང་ཙམ་ཡང་མ་བཏབ་པར་མ་ཟད།  འབུ་རིགས་ཀྱི་སྲོག་འཕྲོག་རྐྱེན་དུ་གྱུར་པའི་ལུད་དང་སྨན་གཞན་ཡང་མ་བཏབ་པར་གཙང་མ་གཙང་རྐྱང་ཞིག་ཡོང་པར་སྒོ་ཀུན་ནས་འབད་པ་ལྷོད་མེད་བྱས།

               ད་ལྟ་སྤྱི་ལོ་2019ལོར།  ཁོ་ཚོའི་མཐུན་གཉེར་ཁང་ནི་གོ་རིམ་ཡོད་པ་དང་རྩ་འཛུགས་དང་སྒྲིག་གཞི་ཚགས་དམ་པ།  བལྟས་ན་མིག་ལ་མཛེས་པ་དང་བོས་ན་མིང་ཡོད་པའི་ཁེ་ལས་ཞིག་ཏུ་གྲུབ་འདུག །

མཐུན་གཉེར་ཁང་གི་སྤྱི་གཉེར་པ་བསྟན་འཛིན་ཆོས་དབྱངས་དང་གསར་འགོད་པའི་མཉམ་པར།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།