འཛམ་གླིང་ཀྲུང་མཐུན་བོད་གསོ་ལྷན་ཚོགས་སྐབས་ལྔ་བ་དང་འདེམས་བསྐོ།

འཛམ་གླིང་ཀྲུང་མཐུན་བོད་གསོ་ཆེད་ལས་ལྷན་ཚོགས་ཀྱི་སྐབས་ལྔ་བའི་རིག་གཞུང་ལོ་ཚོགས་དང་སྐབས་དང་པོའི་ལས་འཛིན་འདེམས་བསྐོའི་ཚོགས་ཆེན་ཟི་ལིང་དུ་བསྡུས།

རྩོམ་པ་པོ།   དུས་ཚོད།   2019-08-28   རྩོམ་ཁུངས།    མཚོ་སྔོན་བོད་སྐད་དྲ་ལམ།

              ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་བ་བྱེད་ཆེད། འཛམ་གླིང་ཀྲུང་མཐུན་བོད་གསོ་ཆེད་ལས་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། སྨན་པའི་ཀུན་སྤྱོད་ཀྱི་ཐོག་མའི་སེམས་འདུན་མི་བརྗེད་པར་བོད་ལུགས་གསོ་རིག་དར་རྒྱས་གོང་འཕེལ་དུ་གཏོང་བའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། འཛམ་གླིང་ཀྲུང་མཐུན་བོད་གསོ་ཆེད་ལས་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་མི་རིགས་སློབ་ཆེན་སྨན་རྫས་རིག་པའི་སློབ་གླིང་དང་། མཚོ་སྔོན་འཇིགས་མེད་རྒྱལ་སྤྱིའི་བོད་སྨན་ཞིབ་འཇུག་གླིང་། མཚོ་སྔོན་འཇིགས་མེད་བོད་སྨན་སྡེ་ཚོགས། མགོ་ལོག་ཧི་མ་ལ་ཡ་བོད་ཀྱི་གསོ་རིག་ཞིབ་འཇུག་ཚོགས་པ་བཅས་ཀྱིས་རོགས་སྒྲུབ་གནང་བའི་འཛམ་གླིང་ཀྲུང་མཐུན་བོད་གསོ་ཆེད་ལས་ལྷན་ཚོགས་ཀྱི་སྐབས་ལྔ་བའི་རིག་གཞུང་ལོ་ཚོགས་དང་སྐབས་དང་པོའི་ལས་འཛིན་འདེམ་བསྐོའི་ཚོགས་འདུ་དེ་ཟླ8པའི་ཚེས25ཉིན་གནའ་མཁར་ཟི་ལིང་དུ་བསྡུས།

                ཐེངས་འདིའི་གྲོས་ཚོགས་སྟེང་ཞིང་ཆེན་དང་རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་ཚོགས་ཞུགས་མི་སྣ་སུམ་བརྒྱ་ལྷག་གིས་འདེམ་བསྐོ་བྱས་པ་བརྒྱུད། མཚོ་སྔོན་འཇིགས་མེད་བོད་སྨན་སྡེ་ཚོགས་ཀྱི་འགན་འཛིན་པ་འཇིགས་མེད་ཕུན་ཚོགས་སྐབས་གསར་བའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་པ་དང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་རིན་ཆེན་དོན་འགྲུབ་དྲུང་ཡིག་ཆེན་མོར་བདམས་ཐོན་བྱུང་། དེ་དང་མཉམ་དུ་རྒྱུན་ལས་ཚོགས་གཙོ་ཉེར་ལྔ་དང་རྒྱུན་ལས་ལས་འཛིན་པ་ང་བདུན། ལས་འཛིན་པ་བརྒྱ་དང་བཅུ་བཅས་བདམས་ཐོན་བྱུང་ལ། དེ་དག་ནི་དབྱིན་ཇི་དང་ཧྥ་རིན་སི། ཨོ་ཏི་ལི། འཇར་མན། ཨ་མེ་རི་ཁ། ཨུ་རུ་སུ། ནེ་པ་ལ། འབྲུག་ཡུལ། རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་གསུམ་ལྷག་ནས་ཐོན་པ་རེད།

                 གྲོས་ཚོགས་སྟེང་དུ་རྒྱལ་ཁབ་དང་ཞིང་ཆེན་ཕྱི་ནང་ནས་ཐོན་པའི་བོད་ལུགས་གསོ་རིག་གི་ཆེད་མཁས་པ་ཞེ་ལྔ་ལྷག་གིས་བོད་ལུགས་གསོ་རིག་གི་རྨང་གཞིའི་གཞུང་ལུགས་དང་ནད་ཐོག་ལག་ལེན། གསོ་བཅོས་བྱེད་ཐབས། རྒྱལ་སྤྱིའི་བརྒྱུད་སྒྲོག བོད་ལུགས་གསོ་རིག་གི་དེང་རབས་ཞིབ་འཇུག བོད་ལུགས་གསོ་རིག་དང་དེང་རབས་ཚན་རིག་ཟུང་འབྲེལ་བྱས་ཏེ་དེ་དང་འབྲེལ་བའི་ཆེད་དོན་གཏམ་བཤད་གནང་བར་མ་ཟད་རང་རང་གིས་ཞིབ་འཇུག་བྱས་པའི་ཁྱབ་ཁོངས་ཀྱི་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱས།

                  ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི་སྔོན་བྱོན་གསོ་རིག་མཁས་དབང་རྗེས་དྲན་བྱེད་པ་དང་།  རིག་གཞུང་བསམ་བློ་རྒྱུད་འཛིན་བྱས་པ་བརྒྱུད། བོད་ཀྱི་གསོ་བ་རིག་པའི་གཞན་རྗེས་སུ་འཛིན་པ་དང་གཞན་ཕན་གྱི་ཐོག་མའི་བསམ་བློ་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ། ཁྱད་པར་དུ་རྒྱལ་ཁབ་ཕྱི་ནང་གི་གསོ་རིག་གཞན་དང་རིག་གཞུང་ཉམས་ཞིབ་ཀྱིས་ཕན་ཚུན་འབྲེལ་འདྲིས་དང་ཉམས་མྱོང་བརྗེ་རེས་བྱས་ཏེ་བོད་ཀྱི་གསོ་རིག་གི་དམིགས་བསལ་འཇོན་ནུས་རྒྱ་བསྐྱེད་བྱེད་པ། བོད་ཀྱི་གསོ་རིག་དེང་རབས་ཅན་དང་། ཐོན་ལས་ཅན། རྒྱལ་སྤྱི་ཅན་དུ་འགྱུར་བར་ཧུར་བརྩོན་བྱེད་རྒྱུ་དེའོ།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།