ཨ་ཕ་ལགས། ནམ་ཟླ་དགུན་ལ་སླེབས་ཡོད།

རྩོམ་པ་པོ།   དུས་ཚོད།   2019-08-27   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               ཤ་གསེང་རུས་གསེང་ལ་ཟུག་འགྲོ་བའི་གྲང་ངད་ཅིག་གིས། ང་ལ་ནམ་ཟླ་དགུན་ལ་སླེབས་པའི་འབོད་བརྡ་བཏང་།

               རང་ཡུལ་ནས་ལོག་ཡོང་དུས་ལམ་སྐྱ་མོ་ཞིག་གི་འགྲམ་ནས་ཡུན་རིང་ནས་ཡུན་རིང་ལ་བསྡད་དེ། བྱམས་བརྩེའི་མིག་ཟུང་གིས་སྐྱེལ་མ་བྱེད་ཅིང་། ད་ལྟའི་བར་དུ་ཐེངས་གང་མང་ཞིག་ལ་ཁྱེད་ལ་སུན་སྣང་དང་འཁང་ར་མེད་པར་ང་རང་དེ་ལྟར་སྐྱེལ་མ་བྱེད་སྐབས། ཁྱེད་ཀྱི་མིག་ཟུང་ལ་འབྲལ་མི་ཕོད་པའི་མཆི་མ་གང་མང་ཞིག་འཁོར་མྱོང་ཡོད་དམ། ངས་ཁྱེད་ལ་འདྲི་མ་མྱོང་ཞིང་ཁྱེད་ཀྱིས་ཀྱང་ང་ལ་གསུངས་མྱོང་མེད། ང་རང་ཕྱི་ནས་ཡུལ་ལ་ལོག་ཐེངས་རེ་རེར་ཁྱེད་ཉིད་ཡང་ན་སྦྲ་སྨུག་པོའི་སྒོ་འགྲམ་ན་ལག་པ་ཐོད་ལ་ཀེར་ནས་ཡོད། ཡང་མིན་ན་གཡང་དཀར་ལུག་ཁྱུའི་རྗེས་སུ་ང་རང་ཕ་གའི་ཉག་ག་དེ་ནས་ཨེ་མཐོང་ལ་འཕྲེང་ནས་ཡོད།

               འདི་ལྟར་ལོ་ཟླ་ག་ཙམ་འདས་པའང་མ་ཚོར་ལ། ཁྱེད་ཀྱིས་ངའི་ཆེད་དུ་དཀའ་སྡུག་གི་ལོ་ཟླ་ཅི་ཙམ་ཞིག་དཀའ་ཚེགས་དང་ངལ་དུབ་ཀྱི་ངང་བསྐྱལ་བའང་མ་ཤེས། རིམ་གྱིས་ཧ་གོ་ཡོང་དུས་ང་རང་བྱིས་པ་ནས་ན་གཞོན་དང་། ན་གཞོན་ནས་གཞོན་ནུ་ཞིག་ཏུ་གྱུར་ཚར་འདུག་པར་མ་ཟད། ཚ་བོའང་བྱིས་པ་པྲ་ཆལ་ཞིག་ཏུ་འགྱུར་འདུག ངས་ཁྱེད་རང་ན་ཚོད་ག་ཙམ་རྒས་ཡོད་པ་མ་ཤེས་མོད། འདི་དག་བསམ་ན་ཁྱེད་ཉིད་རྒས་ཐག་ཆོད་པ་ཤིན་ཏུ་གསལ།

               སྡུག་ཡུས་ཀྱི་ལོ་ཟླ་དེ་དག་ཏུ། གོ་ཐོས་སུ་ཁྱེད་ཀྱིས་ང་ལ་སེམས་ཁུར་གང་མང་བྱས་ཤིང་། ཐ་ན་མཚན་མོའི་གཉིད་དང་ཉིན་མོའི་ཟས་ཀྱང་ཡང་ཡང་ཆག་མྱོང་ཟེར། ཡིན་ཡང་ཕྱིས་སུ་ཁྱེད་ཀྱིས་ང་ལ་དེ་དག་གླེང་མ་སོང་། གཏན་ནས་གླེང་མ་སོང་། ཐེངས་གཅིག་ནས་གཉིས་དང་། གཉིས་ནས་གསུམ་ལ་ཡང་བསྐོར་བསྐྱར་བསྐོར་བྱས་ནས། ས་ཐག་རིང་པོ་རིང་པོར་ཁྱེད་ཀྱིས་བྲོ་ཁ་ཁུག་མ་གང་བཟུང་ནས་ང་ཡོད་སར་ཡང་ཡང་ཡོང་ཞིང་། ང་ལ་མཚོན་ན་སྐབས་དེར་དགའ་སྐྱོ་ཟུང་དུ་འདྲེས་པའི་སྣང་བ་ཞིག་ཡང་ཡང་འཆར་གྱིན་འདུག

               རྒྱ་སྐད་ཚིག་གཅིག་དང་རྒྱ་ཡིག་ཡིག་འབྲུ་གཅིག་ཀྱང་དཀའ་ཙམ་གདའ་བའི་བོད་ཀྱི་འབྲོག་པ་ཞིག་ལ་མཚོན་ན། ས་ཐག་འདི་འདྲའི་རིང་མོ་ཞིག་ལ་ཐེངས་གཅིག་ཡོང་བའང་ལས་སླ་མོ་ཞིག་གཏན་ནས་མིན་པ་ངས་གསལ་བོར་ཤེས་ཡོད། ད་དུང་དགོས་མིན་གྱི་འགྲོ་སོང་དེ་དག་ཀྱང་འབངས་མི་ཕལ་བ་ཞིག་ལ་མཚོན་ན་མང་དྲགས་པའང་ཅི་ལ་མིན། ནམ་རྒྱུན་ཁྱེད་ཀྱིས་ལྷད་མ་འདྲེས་པའི་བྲོ་ཁ་ཞིམ་པོ་ཞིམ་པོ་ཏག་ཏག་ཁྱེར་ཡོང་དུས། སྐབས་འགར་ངས་ཁྱེད་ཀྱི་ལག་གི་བྲོ་ཁ་དེ་དག་ནི་ཨ་མ་དང་ཨ་ཅེའི་ལག་ཟས་ངོ་མ་ཡིན་པ་དང་། དེའི་གསེབ་ཏུ་ཁྱེད་ཀྱི་ལམ་ཁའི་དཀའ་ཁག་དག་སིམས་ཡོད་བསམ་ནས་མཆི་མ་དང་མཉམ་དུ་མིད་པའང་ཐེངས་རེ་གཉིས་གཏན་ནས་མིན། ཁྱེད་ཅག་གིས་ཤེས་ལགས་སམ། སྐབས་དེའི་འཕྲིན་པ་དེ་དག་གི་ནང་དུའང་ཕལ་ཆེར་གླེང་མྱོང་མེད་མོད། ཁྱེད་ཅག་གིས་བསྐྱལ་འོང་བའི་ལག་ཟས་དེ་དག་ནི་གནས་དེར་ཡོད་ཀྱི་མི་ཚང་མས་ཡིད་སྨོན་སྐྱེས་ས་ཁོ་ནར་གྱུར་ཡོད། དྲང་མོར་བཤད་ན་སྐབས་དེར་ཁྱེད་ཅག་ང་ལ་དེ་འདྲའི་ཐེངས་མང་ལ་ལྟ་རུ་མ་ཡོང་ན་འདོད་ཡོད། སྐབས་དེར་ང་བདེ་མོ་འཚམས་པོ་ཡིན་ལ་སུན་སྣང་དང་སྡུག་ཡུས་ཀྱང་མི་འདུག་པས། ཁྱེད་ཅག་ལ་དེ་འདྲའི་དཀའ་ཁག་མང་པོ་ཞིག་གཏད་འདོད་མི་འདུག

               ལོ་ཟླ་ནི་ཤུགས་ཀྱིས་མདུན་དུ་བསྐྱོད་ཅིང་། འདས་དོན་ཡོད་ཚད་ཡང་ལས་རྨི་ལམ་ལྟ་བུར་འདུག་པས། ཐ་ན་བདག་གི་ཕུ་བོའང་འདས་དོན་གྱི་རྨི་ལམ་ཞིག་ཏུ་གྱུར་པ་ནས་བཟུང་། ངས་དེ་ལ་བསམ་གཞིག་གཏོང་མྱངས་མེད། ད་ལྟ་ང་རང་ནར་སོན་ཞིང་རང་གི་ཕུགས་འདུན་སྙེག་བཞིན་ཡོད་ལ། ནང་སེམས་ཀྱི་འཇིག་རྟེན་ངོ་མ་དེའང་ཕལ་ཆེར་ཁྱེད་ཁོ་ན་ལས་རྟོགས་མཁན་མེད་པ་འདྲ། ད་ལྟ་ང་རང་གནས་སྐྱིད་པོ་སློབ་གྲྭའི་གླིང་ན་ཡོད་ཅིང་། ནངས་སྔ་མོ་མགོ་བོ་ཡར་ལ་བཀྱགས་ནས་ཕྱི་རོལ་ཏུ་ལྟ་དུས། ཕྱི་རོལ་ཏུ་ཁ་བ་བབས་ཡོད་ཚེ། མགོ་བོ་ཕྱིར་རུམ་ལ་བཅུག་ནས་སྐྱིད་ཉལ་བྱེད་རྒྱུ་དེ་ཡིན་ལ། ཉིན་གུང་ཙམ་དུ་སླེབས་ནས་ཕོ་བ་ལྟོགས་ཚེ། ཡང་ན་གྲོགས་པོ་ཞིག་ལ་ཟ་མ་ལེན་དུ་འཇུག་པའམ། ཡང་མིན་ན་ཁ་པར་ལམ་ནས་ཕྱིར་བསྐྱེལ་ཟ་མ་ཞིག་འབོད་པ་དེ་རེད། སློབ་ཐུན་རེ་ཡོད་སྐབས་མལ་ཁང་ནས་སློབ་ཁང་དུ་འགྲོ་བའི་གོམ་པ་འགའི་ལམ་ནས་ཀྱང་འཁེང་ལ་ཁད་བྱེད་པའི་སྣང་བ་སྟེར། སློབ་ཁང་དུ་ཐོན་ནའང་སློབ་ཁྲིད་ལ་ཅུང་ཙམ་ཞིག་ཉན་མ་ཉན་གྱི་མཚམས་ནས་ཁ་པར་ལ་བལྟས་ཤིང་། དོན་དག་དང་དམིགས་ཡུལ་གང་ཡང་མེད་པར། སྐད་འཕྲིན་གྱི་ནང་དུ་བལྟ། ཡང་གླེང་མོལ་ཁ་ཕྱེས་པ། དེ་ནས་ཡང་པོད་འཕྲིན་ཁ་ཕྱེ་བ་དང་། ཡུད་ཙམ་ནས་མགྱོགས་འཕྲིན་ནང་ལ་འགྲོ་བ། སྐབས་འགར་འཛམ་གླིང་སྤོ་ལོའི་འགྲན་སྡུར་ལ་ལྟ་བ་སོགས་གང་ལྟར་སྔ་དྲོ་དང་ཕྱི་དྲོའི་སློབ་ཐུན་གང་ཡིན་ཡང་ཁ་ཚང་དང་ནན་ཏན་ཞིག་མ་ཉན་པར་ཉི་མ་འགྲོ་ཐབས་བྱས་ཤིང་། ནམ་ཟླ་བཟང་དུས་དང་སེམས་ཁམས་དྭངས་མ་དྭངས་ཀྱི་མཚམས་ནས། གྲོགས་པོ་རེ་འགའ་དང་མཉམ་དུ་རྒྱ་ཁོག་ཟ་རུ་འགྲོ་བ། ལྭ་བ་ཉོ་རུ་འགྲོ་བ། སྲང་ལ་རྩེ་རུ་དང་ཉུལ་དུ་འགྲོ་ཞིང་། ཐེངས་མང་པོར་ཡང་ན་སེམས་ཁམས་མི་དྭངས་པར་བསྙད་པ་དང་། ཡང་ན་གྲོགས་ཀྱི་བརྩེ་བའི་ཆེད་དུ་བསྙད་ནས་སྦུ་རག་ཡང་ཡང་འཐུང་ནས། ལོ་ངོ་བཞི་ཡི་ལོ་ཟླ་གར་སོང་ཆ་མེད་དུ་གྱུར་དུས། ཞིབ་འཇུག་ཏུ་རྒྱུགས་སྤྲོད་པའི་དུས་ཚོད་དུ་སླེབས་འདུག་ལ། ཡུན་རིང་མ་འགོར་བར་དངོས་གཞིའི་མཐར་ཕྱིན་དཔྱད་རྩོམ་ཀྱང་འབྲི་རན་འདུག་ཅིང་། བརྗོད་གཞི་གང་ཞིག་གདམས་དགོས་པ་དང་གང་ཞིག་ནས་འབྲི་མགོ་རྩོམ་དགོས་པའང་མ་ཤེས་པར་ལུས། ད་ནི་སློབ་ཆེན་ལོ་ངོ་བཞི་ཡི་ཆེས་མཇུག་མཐའི་སློབ་སྐབས་གཅིག་པུ་ལས་མི་འདུག་ལ། སྐབས་འདིར་ངས་རང་ཉིད་ཀྱི་ལོ་ངོ་བཞི་ཡི་རང་གི་སློབ་སྐར་གྱི་ཚད་ལོངས་ཡོད་མེད་ཀྱང་ཧ་གསལ་བོར་གོ་མེད། ཡར་འདྲི་མར་འདྲི་རེ་བྱས་ཀྱང་། སུས་ཀྱང་གསལ་ཐག་ཆོད་པ་ཞིག་མ་ཤེས་ལ། གལ་སྲིད་ངའི་སློབ་སྐར་འདང་མེད་ཚེ་མཇུག་མཐའི་སློབ་སྐབས་དེར་ཁ་གསབ་བྱེད་པའི་གོ་སྐབས་ཡོད་མེད་ཀྱང་མ་ཤེས།

            སྐབས་འདིར་ངས་ཕ་ལོ་ཁྱེད་ལ་ཁ་པར་ཞིག་བཏང་བ་ཡིན་ལ། ཐེངས་འདིར་སྟབས་ལེགས་པ་ཞིག་ལ་ཐེངས་སྔོན་མ་དག་དང་མི་འདྲ་བར། འུ་གཉིས་ཀྱིས་ཁ་པར་ལས་ཡུན་རིང་ཡུན་རིང་ཞིག་ལ་ཁ་བརྡ་བྱས་པ་ཡིན། ཁྱེད་ཀྱིས་ང་ལ་གསལ་བོར་མ་བཤད་ནའང་། ཁྱེད་ཀྱི་སྐད་ཆའི་ཤུགས་ལས། ངས་ཁྱེད་ཀྱིས་ད་དུང་སྔར་བཞིན་ཁ་བ་བབས་པའི་ཞོགས་པ་རེ་རེ་ལའང་། མལ་ས་དྲོད་མོའི་ནང་དུ་ཡུད་ཙམ་ལའང་ཉལ་ཁོམ་མེད་པར། ནངས་ཇ་འཚབ་འཚུབ་ཅིག་འཐུང་རྗེས། ཕྲེང་བ་ཟད་པོ་དེ་ལག་ཏུ་བཟུང་ནས་མ་ཎི་འདོན་ཞོར་ནོར་ལུག་དེད་ནས་རི་མགོར་ཆས་ཤིང་། ནངས་ཇ་ནས་ནུབ་ཇར་ཐུག་གི་བར་དུ་ལྟོགས་བསྲན་བྱས་ཏེ། ཉི་མ་ནུབ་རིར་ཟིན་རྗེས་ད་གཟོད་ནོར་ལུག་དེད་ནས་ཡུལ་ལ་ལོག་གིན་འདུག་པ་ཤེས་སོང་། ཨ་ཕ་ལགས། ད་ལྟ་ཕལ་ཆེར་ཁྱེད་རང་རྒས་སོང་བས་ཡིན་སྲིད་དེ། སྔོན་ཆད་ཀྱི་སྐད་སྒྲ་དེ་དེ་འདྲའི་ཞི་འཇམ་ཞིག་ཏུ་གྱུར་འདུག སྐད་གདངས་དེ་ལ་ཉན་ན་ཁྱེད་ཀྱིས་ང་རང་ཁྱེད་ཀྱི་སྔོན་ཆད་ཀྱི་བུ་ཕྲུག་དེ་ཡིན་པ་བརྗེད་ཡོད་པ་འདྲ། ཁྱེད་ཀྱིས་ང་ལ་སློབ་སྦྱོང་ལ་དཀའ་ཚེགས་ཆེ་ན། ཉལ་གསོ་བྱོས་ལ་རང་ཉིད་ལ་བདག་ཡག་པོ་བྱོས་ཟེར། རེད་དེ། ཁྱེད་ཀྱིས་ང་རང་ཁྱེད་ཀྱི་བུ་ཕྲུག་ཡིན་པ་བརྗེད་ག་ལ་ཡོད་དེ། མ་གཞི་ཁྱེད་རང་སྔོན་དང་བསྡུར་ན་སེམས་པ་ཇེ་སྙི་ལ་སོང་ཞིང་། ང་ལ་བརྩེ་སེམས་ཆེ་རུ་གྱུར་འདུག ཨ་ཨ། ཨ་ཕ་ལགས། འདི་ནི་ཁྱེད་རང་རྒས་སོང་བའི་རྟགས་ཡིན་ནམ། ངས་ཁྱེད་ཀྱི་སྐྲ་ལོ་ལ་སེ་མདལ་ཡོད་མེད་དང་ཁྱེད་ཀྱི་གདོང་ལ་རྒས་གཉེར་དོད་ཀྱིན་ཡོད་མེད་ལའང་ཉམས་བཞག་མ་མྱངས། ཡིན་ནའང་ཁྱེད་ཀྱིས་ན་ནིང་ཞིག་ལ་ངས་ཟ་ལོག་ཅིག་བྱས་ནས་ཕོ་བ་ན་བ་དེའང་ད་དུང་ཡིད་ལ་དམ་པོར་བཟུང་འདུག ང་ལ་ཟ་མ་འདྲ་མིན་ཟ་མི་རུང་བའི་ཁ་བརྡའང་བྱས་བྱུང་།

            ཉིན་དེར་ངས་ཁ་པར་སྒོ་གཏན་རྗེས། བསམ་གཞིག་ཡུན་རིང་ཡུན་རིང་ལ་བྱས།

            ཨ་ཕ་ལགས། ནམ་ཟླ་དགུན་ལ་སླེབས་འདུག་པས། ཁྱེད་ཀྱིས་སློག་པ་མཐུག་པོ་ཞིག་དང་ཀོ་ལྷམ་དྲོན་པོ་ཞིག་གྱོན་ལ། རང་ཉིད་ལ་བདག་ཡག་པོ་ཞིག་བྱེད་རོགས། བུ་ཆུང་ལ་ཁྱེད་ཉིད་ལས་ལྷག་པ་ཞིག་མི་འདུག་ལ། ཁྱེད་ནི་བདག་གི་རྒྱབ་རི་སྨུག་པོ་དེ་ཡིན། ལོ་ངོ་དུ་མ་ཞིག་གི་ཡར་སྔོན་ལ་ཁྱེད་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་ང་ལ་སྤྲིངས་པའི་ཡིག་འབྲུ་འགའ་ནང་དུ་ཐོན་ཐབས་བྱས་པ་དེ། དུས་ད་ལྟ་ངའི་ཡིད་ལ་ཝ་ལེར་དྲན་གྱིན་འདུག

           དགུན་ཟླ་འདིས་ང་ཚོ་བསླངས་ཤིང་དགུན་ཟླ་འདིར་ང་ཚོ་འཚོ་ཕྱིར། ཅིས་ཀྱང་དགུན་ཟླ་འདི་ལེགས་པར་བསྐྱལ་ཞིང་དགུན་ཟླ་འདིར་ལེགས་པར་འཚོ་དགོས། ཨ་ཕ་ལགས། དགུན་ཟླ་འདིར་རང་ཉིད་འཁྱག་ཏུ་མ་འཇུག་ལ་རང་ཉིད་ལྟོགས་སུའང་མི་འཇུག་རོགས།། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།