དཔལ་ཡུལ་རྫོང་ནས་བཙན་པོའི་དུས་སྐབས་ཀྱི་ཡིན་ངེས་པའི་བྲག་བརྐོས་ཤིག་གསར་དུ་རྙེད་པ།

རྩོམ་པ་པོ།   དུས་ཚོད།   2019-08-27   རྩོམ་ཁུངས།    མི་དམངས་དྲ་བ།

          ཟླ་8ཚེས་25ཉིན། རིགས་གཅིག་མཁས་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་དུ། ལོ་རྒྱུས་ཀྱི་རྗེས་ཤུལ་ཡོད་ས་ཞིག་ལ་རྟོག་ཞིབ་གསལ་འབྱེད་ཞིབ་ཕྲ་བྱས་པ་བརྒྱུད། དེ་ནི་བཙན་པོའི་དུས་སྐབས་ཀྱི་དུས་མཇུག་(དུས་རབས་9པ་ཡས་མས)གི་བྲག་བརྐོས་ཡིན་པར་ཐོག་མའི་ཐག་བཅད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་ས་གནས་དེ་ནས་ཐོག་མར་རྙེད་པའི་བཙན་པོའི་དུས་སྐབས་ཀྱི་རྗེས་ཤུལ་ཞིག་ཡིན་ཞིང་། དེས་ཡང་གཅིག་ན་“ཐང་བོད་གནའ་ལམ”དྲ་བ་ཅན་གྱི་རིག་གཞུང་ལས་རིགས་ཀྱི་ལྟ་བ་སྒྲུབ་ཐུབ་ཀྱི་ཡོད།
            རྗེས་ཤུལ་དེ་ནི་དཔལ་ཡུལ་རྫོང་སྟེང་ལུང་ཤང་སྤང་སྤང་གྲོང་ཚོ་རུ་གནས་ཤིང་བཟོ་ལྟ་ཐུན་མིན་གྱི་ཁྱད་ཆོས་ལྡན་ལ། ཡུལ་དེ་གར་དེ་ནི་འུན་ཤིང་ཀོང་ཇོ་བོད་དུ་ཕེབས་དུས་སུ་བཞག་པའི་རྗེས་ཤུལ་ཡིན་པའི་བཤད་སྲོལ་མཆིས། ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་བོད་བརྒྱུད་ནང་བསྟན་རིག་དངོས་ཞིབ་འཇུག་ཁང་གི་འགོ་ཁྲིད་ལའོ་ཝུན་ཧྭ་ཡིས་གསར་འགོད་པར་བཤད་དོན། སྤང་སྤང་བྲག་བརྐོས་ཀྱི་སྐུ་འདྲ་ནི་ཆབ་མདོ་དང་ཡུལ་ཤུལ། རྫ་ཆུ་ཁ་ནས་རྙེད་པའི་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་སྐུ་འདྲ་ཡི་བཟོ་ལྟ་དང་ཧ་ཅང་འདྲ་ཞིང་། དེ་ནི་ལྷ་སྐུ་ལྔ་ཡིས་གྲུབ་ཡོད།
           ལའོ་ཝུན་ཧྭ་ཡིས། ཀྲུང་གོའི་ལོ་རྒྱུས་ཐོག་ཏུ་གྲགས་ཆེ་བའི་“ཐང་བོད་གནའ་ལམ”ནི་ཐང་རྒྱལ་རབས་དང་བཙན་པོའི་སྲིད་དབང་། དེང་གི་བལ་ཡུལ་དང་རྒྱ་གར་བར་གྱི་བགྲོད་ལམ་གལ་ཆེན་ཞིག་རེད། ཡིན་ནའང་། དེ་ནི་ལམ་གཅིག་པུ་ཙམ་མ་ཡིན་པར། དེང་སང་གི་རིག་གཞུང་ལས་རིགས་ཀྱིས་དེ་ནི་དོན་དངོས་སུ་བོད་བཙན་པོ་དང་ཐང་རྒྱལ་རབས་བར་སྦྲེལ་བའི་ལམ་བུའི་དྲ་རྒྱ་ཞིག་ཡིན་པར་འདོད་ཀྱི་ཡོད།  “ང་ཚོས་གསར་རྙེད་བྱུང་བ་འདི་ལ་གཞིགས་ནས། སྔོན་མར་‘ཐང་བོད་གནའ་ལམ་’གྱི་ཡན་ལག་ལམ་ཐིག་ཅིག་དཔལ་ཡུལ་བརྒྱུད་ཀྱི་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད།”
          སྤང་སྤང་བྲག་བརྐོས་ཀྱི་སྐུ་འདྲའི་ནང་། རིམ་པ་གོང་མའི་གཡས་ཕྱོགས་སུ་མཐོང་དཀོན་པའི་རྒྱབ་སྟོན་སྐུ་འདྲ་ཞིག་ཡོད་ཅིང་། དེ་ནི་དབུ་སྐྲ་རིང་ཞིང་སྟོད་ཀོར་གསུམ་འོག དབུ་སྐྲ་སྡོམ་ཡོད་ལ། ཆོས་གོས་དམར་པོ་མནབས་ཡོད། ལ་ལས་དེ་ནི་སློབ་དཔོན་པདྨ་འབྱུང་གནས་རེད་ཟེར་ལ། ལ་ལས་དེ་ནི་འུན་ཤིང་ཀོང་ཇོ་ཕ་ཡུལ་དང་བྲལ་རྗེས་ཕ་ཡུལ་ལ་ཕྱིར་མིག་ལྟ་བའི་རྣམ་པ་ཡིན་པས། སྐུ་འདྲ་རྒྱབ་སྟོན་བྱས་པ་རེད་ཟེར། ལའོ་ཝུན་ཧྭ་ཡིས་ཚོད་བགམ་བྱས་ན། སྐུ་འདྲ་འདི་ནི་དེ་སྔོན་གྱི་ལྷ་ལྔའི་ནང་གི་སྐུ་འདྲ་ཞིག་ཡིན་ཞིང་། རླུང་ཟད་ཚབས་ཆེན་ཤོར་བས། རྗེས་རབས་པས་ལས་སྣོན་ཐེངས་གཉིས་པ་བྱས་ཡོད་པར་བཤད། 
         “‘ཐང་བོད་གནའ་ལམ’ནི་དཔལ་ཡུལ་བརྒྱུད་ཡོད་མེད་ཐད་ལ་ད་དུང་གོམ་གང་མདུན་སྤོས་ཀྱིས་ར་སྤྲོད་དགོས། ཡིན་ནའང་། ཐེངས་འདིའི་གསར་རྙེད་ཀྱིས་ང་ཚོ་ལ་བོད་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་ཀྱི་ཁྱབ་ཚུལ་ལ་བསམ་བློ་ཡང་བསྐྱར་གཏོང་དུ་བཅུག་པས། གནའ་རྫས་རིག་པའི་ཐད་ཀྱི་དོན་སྙིང་གལ་ཆེན་ལྡན་”ཞེས་ལའོ་ཝུན་ཧྭ་ཡིས་བཤད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།