བར་ ཐག

རྩོམ་པ་པོ།   དུས་ཚོད།   2019-08-26   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


           འཇིག་རྟེན་དུ་ཆེས་རིང་བའི་བར་ཐག་ནི་ང་ཁྱོད་དང་ལྷན་དུ་ཡོད་མེད་དང་། ཤི་གསོན་གྱི་བར་ནས་གཅིག་གཅིག་ལ་དགའ་མིན་སོགས་མིན་ཏེ། སྡུག་བསྔལ་གྱིས་གཙེས་པའི་ང་དང་ཁྱོད། ཆ་མེད་ནས་ཆ་ཡོད་ཆགས་ཏེ་ཆ་ཡོད་ནས་སླར་ཡང་ཆ་མེད་ཆགས་པའི་གོ་རིམ་དེ་ཡིན་ཞིང་། ཉི་ཟླའི་འཆར་ནུབ་དང་གཙང་བོའི་ཕ་རོལ་ནས་ཁོ་མོ་ཡིན་བསམ་བྱེད་ཀྱི་དངོས་པོ་ག་ཙམ་མཆིས་ཀྱང་། བར་ཐག་གིས་བཞག་པའི་ཉིན་མཚན་ནི་ཉི་ཟླའི་འཆར་ནུབ་དང་སྐྱེ་བ་ནས་འཆི་བའི་ངང་ཚུལ་དུ་བསྡུས་པའི་ཞེ་ཧ་ཅང་ངེ་བའི་འཚོ་བ་ཞིག་སྟེ། སྟེང་འོག་དང་གནས་ས་གོ་བརྗེ་དགོས་ནའང་ཁྱོད་ཡོད་པའི་དུས་ཚོད་དང་འཚོ་བ་ནི་ང་ལ་རང་གི་བློ་དང་ཕུགས་བསམ་ཡོད་མྱོང་བའི་མཚར་སྡུག་གི་ཉིན་མོ་དག་ཡིན།

           ཡུན་རིང་ཁྱོད་དང་སྙིང་ཉེ་བའི་ཁ་བརྡ་གང་ཡང་མ་བྱུང་མོད། སྔོན་ཆད་དྲན་རྟེན་ནམ་ལས་དབང་གི་ཁ་སྣོན་དུ་བསྐུར་མྱོང་བའི་འདྲ་པར་དེ་དག་ནི་ད་ལྟའི་ང་ལ་མཚོན་ན་ཧ་ཅང་གི་རིན་དོད་ཆེ་སྟེ། ཁྱོད་ང་དང་ལྷན་དུ་མེད་ནའང་འདྲ་པར་དེ་དག་ལས་སྔར་བཞིན་ལོས་ཡོད་བསམ་བྱེད་ཀྱི་རྟགས་དང་མཚན་མ་གང་འགྲིག་ཡིན་སྙམ།

          ས་སྲོད་དེར། འུ་གཉིས་ཐོག་མར་ངོ་ཤེས་སུ་ཆགས། མཉམ་དུ་སྙན་ངག་གླེང་མྱོང་ལ་བྲིས་ཀྱང་ཡོད། ཐ་ན་གཅིག་སེམས་གཅིག་ལ་གཏད་དེ་རང་རང་གི་འཚོ་བའི་བདེ་སྡུག་ཀྱང་ཁ་ཞེ་གཉིས་མེད་ཀྱིས་བཤད་མྱོང་བའི་ཉིན་མཚན་དེ་དག་ནི་ང་ལ་མཚོན་ན་ཚེ་གང་བོར་བརྗེད་མི་སྲིད་པའི་དོན་དག་ཅིག་ཡིན་ངེས། མཚམས་ལན་རེར་བར་སྟོང་ནང་བཞག་པས་སྐད་ཆ་གང་ཞིག་ངར་བཤད་པ་ཡིན་མིན་གྱི་ཐེ་ཚོམ་ཡང་སྐྱེ་མོད། ད་ལྟའི་དུས་ན། ཁྱོད་ལ་ཁྱོད་ཀྱི་འཚོ་བ་དང་ཕུགས་བསམ་ཡོད་སྲིད་ལ། ང་ལ་རང་གི་འདོད་འདུན་དང་བདེ་སྐྱིད་ཅིག་ཡོད་པས་ཁག་འགེལ་ཅི་ཡང་མེད་པར་བར་ཐག་དང་ལས་དབང་གི་ས་ཚིགས་ནས། འུ་གཉིས་བར་ལ་བྱུང་ཡོད་པ་ཐམས་ཅད་ཅི་ཡང་མིན་ཚོད་ཀྱིས་ལོ་ཟླའི་གཙང་བོར་ཆུགས་ཏེ་རྒྱང་བཀྱེད་དེ་ཡར་ཀླུང་དང་ལྷ་ས་སོགས་བོད་ཡུལ་ཆོལ་ཁ་གསུམ་བསྐོར་ཏེ་ཐག་རིང་ཐག་རིང་ཞིག་ལ་ཆར་ཆུ་བཞིན་སིམ་འགྲོ་ངེས།

         སྣང་བར་རྩྭ་ཐང་ནི་ཇི་ལྟར་ཁོད་ཡངས་ནའང་ཁྱོད་ཀྱི་ནང་སེམས་ལྟ་བུ་ཞིག་མ་རེད་བསམ། གྲོགས་པོ་ཚོས་ང་ལ་ཁྱོད་ཀྱི་རྟོག་པར་དཀའ་བའི་སྙན་ངག་གི་མངའ་ཐང་ཞིག་གམ་གཞན་གྱི་བརྩེ་གདུང་གི་བརྗོད་བྱ་རེད་ཅེས་ན། ངས་ཨུ་ཚུགས་མཐར་ཆོད་ཀྱིས་སྔར་བཞིན་ཁེར་རྐྱང་ངང་ང་ལ་བསྒུག་ཡོད་དཔེ་ཞེས་བྲེལ་འཚུབ་ཀྱིས་བཤད་འགྲོ་བར་ཁོ་ཚོ་དགོད་ཀྱི་འདུག དེ་ལྟར་ཡིན་ནའང་། རྨི་ལམ་ནས་ངེད་གཉིས་ཐུག་འཕྲད་བྱུང་ཡོད་དེ། མངོན་སུམ་ནས་ང་དང་རྒྱང་བཀྱེད་དེ་རང་དབང་གི་རྩྭ་ཐང་གཞན་ཞིག་ན། བདེ་སྐྱིད་ཕུན་ཚོགས་ཀྱི་འཚོ་བར་རོལ་ཡོད། དེ་ད་གཟོད་ངས་ཡུན་རིང་མཐོང་འདོད་པའི་མཇུག་འབྲས་ཆེས་ཡག་ཤོས་ཡིན་ལ། སྐྱིད་དེ་བདེ་བསྡད་ཡོད་ན་ང་དེ་ལས་ལྷག་པའི་བདེ་སྐྱིད་གང་ཡང་མེད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།