བསམ་པ་གཅིག་ཏུ་བསྒྲིལ།། ཕྱར་བ་གྲུ་འདེགས་བྱེད།།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ།དུས་ཚོད།   2019-08-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               གནོད་འཚེ་བྱུང་མ་ཐག་པར། ལྗོངས་སྐོར་པ་མང་པོ་དང་། འཁོར་རིགས་མང་པོ་འགྲོ་མ་ཐུབ་པར་རང་ཁུལ་གྱི་ས་ཆ་སོ་སོར་ལུས་ཤིང་། ནམ་ཞིག་ལ་འགྲོད་ཐུབ་མིན་བལྟས་ཏེ་ཐམས་ཅད་ལུས། གློ་བུར་བའི་རང་བྱུང་གི་གནོད་འཚེ་བཟློག་ཆེད་དུ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་འབྲེལ་ཡོད་ལས་ཁུངས་རྣམས་ཀྱི་ས་རང་འགན་རང་ཁུར་དང་། ཕན་ཚུན་མཉམ་འབྲེལ་བྱས་ཏེ། གཞུང་ལམ་ཤར་བགྲོད་དང་མང་ཚོགས་རྣམས་བདེ་འཇགས་ངང་འགྲོ་བསྐྱོད་ཐུབ་པར་བརྩོན་པ་བྱས།

              དུས་ཐོག་ལྟར་ལྗོངས་སྐོར་པ་རྣམས་ཁ་གྲམ་ཐུབ་ཆེད་དུ། ཁུལ་འགྲིམ་འགྲུལ་ཅུས་ཀྱིས་གཞུང་ལམ་དང་། གནམ་གཤིས་བརྟག་དཔྱད་སོགས་ཀྱི་ལད་ཁུངས་རྣམས་ལ་འབྲེལ་བ་བྱས་ཏེ། དུས་ཐོག་ཏུ་གནམ་གཤིས་ཀྱི་འགྱུར་ལྡོག་དང་། ལམ་གྱི་གནས་ཚུལ་རྣམས་བཀྲམ་དུ་བཅུག

             ཟླ་8ཚེས་20ཉིན། ཁུལ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་མགྱོགས་མྱུང་ངང་རྔ་ཁུལ་གྱི་འགགས་རྩའི་གཞུང་ལམ་གྱི་ཤར་གཏོང་གནས་ཚུལ་བཀྲམ་ཞིང་། མི་9ཡན་མི་ཤོང་བའི་འཁོར་རིགས་ཆུང་བ་རྣམས་རྔ་ཁུལ་ནས་འགྲོ་འོངས་བྱ་སའི་བསྐོར་ལམ་བཀྲམ་པ་དང་། ཉི་མ་རེ་རེར་ཁུལ་ནང་གི་འགགས་རྩའི་གཞུང་ལམ་ཁག་གི་ཤར་གཏོང་གནས་ཚུལ་གསར་སྤེལ་བྱས་ལ། ལམ་བསྐོར་ནས་བགྲོད་པའི་བསམ་འཆར་བཏོན་ཅིང་། ལམ་བར་གྱི་རྫོང་གྲོང་དག་ཏུ་ཉེན་རྟོག་པ་འདང་ངེས་བཞག

              གདུག་རྩུབ་ཆེ་བའི་གནམ་གཤིས་ཀྱིས་འགྲིམ་འགྲུལ་དོ་དམ་གྱི་བྱ་བར་གནོན་ཤུགས་ཆེས་ཆེར་སྤྲད་ནའང་། སྤྱི་བདེ་དང་འགྲིམ་འགྲུལ་ཉེན་རྟོག་པ་རྣམས་ཀྱི་འབད་པ་ལྷོད་མེད་དུ་བྱས་ཏེ། རང་རང་གི་འགན་གནས་ལེགས་པར་བསྒྲུབས་པ་དང་། འགྲོ་འོངས་ཀྱི་ཁ་ལོ་པ་རྣམས་ལ་གཟབ་གཟབ་དགོས་པའི་སྐུལ་མ་ཡང་ཡང་གཏོང་བཞིན། འཁོར་རིགས་རྣམས་ཀྱི་འགྲོ་འོངས་ལ་ལམ་སྟོན་ཡང་ཡང་བྱེད་བཞིན་གདའ།  

             ཟླ་8ཚེས་20ཉིན་གྱི་ཞོགས་པར། ཝུན་ཁྲོན་རྫོང་གི་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་རྣམས་དུས་ཐོག་དང་པོར་ཧྲུའེ་མའོ་གྲོང་རྡལ་དང་། སན་ཅང་གྲོང་རྡལ་དུ་ཉེན་སེལ་མྱུར་སྐྱོབ་ཀྱི་བྱ་བ་བསྒྲབས་པ་དང་། ཟླ་8ཚེས་20ཉིན། མའོ་རྫོང་གི་སྤྱི་བདེ་ཡིས་ཉེན་རྟོག་རླངས་འཁོར་རྩ་འཛུགས་ཀྱིས་ལམ་སྣེ་ཁྲིད་དེ། མགྲོན་འཁོར་ཆེན་པོ་50ལྷག་བདེ་འཇགས་ཀྱི་གནས་སུ་བསྐྱལ་བ་་དང་། བཙན་ལྷ་རྫོང་སྤྱི་བདེ་ཡིས་ནུས་པ་ཡོད་དགུས་ཝོ་ལུང་ཕྱོགས་ནས་ཕྱིར་འོངས་པའི་ལྗོངས་སྐོར་པ་རྣམས་མཐུད་སྐྱེལ་བྱས་པ་སོགས་ལམ་གནད་ཀུན་ཏུ་ཁོ་ཚོའི་རོགས་དན་ཐོན་འདུག་། ཁོ་ཚོའི་འབད་པ་བསླེབས་འདུག་ཨང་།

            ཉེན་རྟོག་པའི་མཚོན་རྟགས་རེ་རེ། དབྱར་དུས་འདིའི་སེམས་པ་དྲོ་བའི་ཉམས་འགྱུར་རེ་རེར་གྱུར། གནོད་འཚེ་ཐེབས་པའི་ཉིན་གཉིས་པ་སྟེ། ཟླ་8ཚེས་21ཉིན་གྱི་ཕྱི་དྲོའི་དུས་ཚོད་5པའི་དབར་དུ། ཝུན་ཁྲོན་རྫོང་གིས་བདེ་བླག་ངང་གནོད་ཐེབས་མང་ཚོགས་དང་ལྗོངས་སྐོར་པ་ཁྲི་ཚོ5ལྷག་གནས་སྤར་ཅིང་། ཀུན་དར་གྲོང་རྡལ་དུ་ལུས་པའི་ལྗོངས་སྐོར་པ་ཕལ་ཆེར་གནས་སྤར་ཐུབ་པར་བྱས་པར་མ་ཟད། མའོ་རྫོང་ནས་མེན་དབྱང་པའེ་ཁྲོན་དབར་དང་། དེ་ནས་ཁྲེང་ཏུའུ་ཡི་དབར་གྱི་ལམ་དུ་ཉེན་རྟོག་རླངས་འཁོར་གྱིས་ལམ་རྒྱུས་ཁྲིད་དེ་མགྲོན་འཁོར་ཆེ་བ་110ལྷག་དང་། རླངས་འཁོར་ཆུང་ཆུང་1800ལྷག ཟོང་འཁོར་400ལྷག་བསྐྱལ་ཅིང་། བཙན་ལྷ་ནས་འཁོར་རིགས་3700ལྷག་བསྐྱལ་བར་མ་ཟད། མང་ཚོགས་ཀྱི་རོགས་ཞུ་མང་དུ་བསྒྲུབས་ཤིང་། གནས་ཚུལ་འདྲི་རྨེད་4000ལྷག་ལ་ལན་བཏབ་པ་སོགས་བྱས།

           ཚེས་23ཉིན་གྱི་ཉིན་གུང་དུས་ཚོད་12དབར་དུ། ཝུན་ཁྲོན་རྫོང་དང་། ལིས་རྫོང་། མའོ་རྫོང་། ཟུང་ཆུ་རྫོང་བཅས་རྫོང་ཁག་བཞི་པོས་ཁྱོན་འགྲོ་བསྐྱོད་མ་ཐུབ་པར་ལུས་པའི་ལྗོངས་སྐོར་པ་95500ལྷག་གི་གནས་སྤར།

             གཞུང་ལམ་དུ་འགྲོ་བསྐྱོད་བདེ་འཇགས་འོངས་ཆེད་དུ། གནོད་འཚེ་བྱུང་མ་ཐག་ཏུ། ཁུལ་གཞུང་ལམ་དོ་དམ་ཅུས་ཀྱིས་ལས་བྱེད་པ་མངགས་ཏེ། ཁོངས་གཏོགས་ས་ཆའི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཞུང་ལམ་རྣམས་ལ་སྐོར་ཞིབ་དང་། ཉེན་ཁ་ཡོད་མེད་ལ་ལྟ་བ་སོགས་བྱས་ཤིང་། དུས་ཐོག་ཏུ་བདེ་འཇགས་ཀྱི་རྐྱེན་ངན་བསལ་ཏེ། བགྲོད་ལམ་བདེ་འཇགས་ལ་འགན་ལེན་བྱས།  

             ཁུལ་འགྲིམ་འགྲུལ་ཅུས་ཀྱི་ལས་བྱེད་མི་སྣས་གསར་འགོད་པར་ན་རེ། མང་ཚོགས་རྣམས་བདེ་འཇགས་ངང་གནས་སྤར་རྒྱུ་དང་། ཉེན་སེལ་མྱུར་སྐྱོབ་ཀྱི་དངོས་ཟོག་རྣམས་དུས་ཐོག་ཏུ་འབྱོར་ཆེད་དུ། ང་ཚོས་གང་ཐུབ་ཀྱིས་རང་ངོས་ཀྱི་ལས་ཀའི་རྩལ་ནུས་དང་ཉམས་མྱོང་གི་བཟང་ཆ་སྤྱད་དེ། ལས་བགོ་དང་མཉམ་འབྲེལ། བཀོད་གཏོང་ལུགས་དང་མཐུན་པར་བྱས་ཏེ། ལམ་རྒྱུད་ཀྱི་ལམ་གཞི་ཞིག་པ་དག་ཏུ་ཞིག་གསོའི་བྱ་བ་བསྒྲུབས་ཤིང་། རྐོ་འཁོར་སོགས་འཕྲུལ་ཆས་ཀྱིས་ཆུ་གཞུང་འཚེངས་པ་དང་། ལམ་ངོས་ཀྱི་འདམ་རྡོ་སོགས་གཙང་སྟེ། གཞུང་ལམ་ཤར་བགྲོད་བྱེད་པའི་བྱ་བ་ཏན་ཏན་ཏིག་ཏིག་གིས་བསྒྲུབས་ཤིང་སྒྲུབ་བཞིན་ཡོད། ཅེས་སྨྲ།

          མའོ་རྫོང་གི་པ་ལུམ་དང་། སྔོ་ཚལ་སོགས་ཞིང་ལས་ཀྱི་ཐོན་རྫས་རྣམས་དུས་ཐོག་ཏུ་ཕྱི་ཕྱོགས་ལ་སྐྱེལ་ཐུབ་ཆེད་དུ། མའོ་རྫོང་གིས་ཧུར་བརྩོན་ཆེན་པོས་ཁྲོན་པའེ་རྫོང་མི་དམངས་སྲིད་གཞུང་དང་གྲོས་འཆམ་བྱས་ཏེ། ཞིང་ལས་ཀྱི་ཐོན་རྫས་སྐྱེལ་འདྲེན་གྱི་འཁོར་རིགས་འགྲོ་བསྐྱོད་ཀྱི་དུས་ཡུན་རིང་དུ་བཏང་ཞིང་། ནུས་པ་ཡོད་དགུས་ཞིང་ལས་ཀྱི་ཐོན་རྫས་ཤར་མར་སྐྱེལ་འདྲེན་ཐུབ་པར་བྱས།  

         སྐབས་འདི་དག་རིང་གི་འགྲིམ་འགྲུལ་ཤར་གཏོང་དང་འགན་སྲུང་གི་བྱ་བའི་ཁྲོད་དུ། ཁུལ་ཡོངས་ཀྱི་གོང་འོག་ཆེ་ཆུང་ཐམས་ཅད་ཁ་སེམས་ཁོག་པ་གཅིག་ཏུ་མཐུན་ཅིང་། དཀའ་བ་ཐམས་ཅད་དང་དུ་བླངས་ཏེ། ཚེ་སྲོག་དང་འབྲེལ་བའི་ལམ་བུ་རེ་རེར་ཞིག་གསོ་དང་སྲུང་སྐྱོབ་བྱས་པ་དང་། བགྲོད་ལམ་ཞིག་གསོ་དང་ཤར་གཏོང་ལ་འབད་པ་ཆེན་པོས་འཐམ་པའི་དཔའ་བོ་རེ་རེ་དང་། ཁོ་པ་ཅག་གི་འབད་པ་ལྷོད་མེད་ཀྱི་བྱ་བཞག་འདི་དག་ནི་ཡིད་དུ་འོངས་ཤིང་བརྗེད་པར་དཀའོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།