རང་གི་ཐུན་མོང་མ་ཡིན་པའི་ཐོན་རྫས་ཀྱི་ཚོང་བྲིན་པ།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2019-08-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                ཉེ་ཆར། འཛམ་ཐང་རྫོང་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་ནས་རྒྱུས་ལོན་པ་ལྟར་ན། ལྟེ་གནས་དེས་ད་ལོའི་ལོ་ཧྲིལ་པོའི་ཡོང་འབབ་སྒོར་ཁྲི་1000ཟིན་རྒྱུར་སྔོན་དཔག་བྱས་འདུག དྲྭ་ཐོག་ཚོང་དོན་དབུལ་སྐྱོར་གྱིས་ཛམ་བྷ་ལ་རྟགས་ཅན་གྱི་རྫོང་དེའི་ཐོན་རྫས་རྣམས་རང་གི་ཡུལ་ལས་བརྒལ་ནས་རྒྱལ་ཡོངས་ཀྱི་ས་གནས་གཞན་དག་ཏུ་ཕྱིར་ཚོང་བྱས་པས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་ཞིང་ལས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་མ་ཐེབས་ཡོད།

                 ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་གིས་དྲྭ་ཐོག་ཚོང་དོན་འཕེལ་རྒྱས་ཆེ་བའི་བབས་དང་བསྟུན་ནས་ས་གནས་དེ་གའི་ཞིང་ལས་ཐོན་རྫས་འཕེལ་རྒྱས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ཁྲོམ་ར་ཧུར་ཐག་གིས་བསྐྱེད་དེ། ཐུན་མོང་མ་ཡིན་པའི་ཞིང་ལས་ཐོན་ལས་དང་རིག་གནས་ཀྱི་ཐོན་རྫས་སྤུས་གཙང་ཡོང་བར་འབད་པ་དང་། དྲྭ་ཐོག་གི་ཚོང་ལས་མ་ལག་འཛུགས་སྐྱོང་ཧུར་ཐག་བྱས་ཏེ། ཛམ་བྷ་ལ་རྟགས་ཅན་གྱི་བསིལ་སྐམ་ཟོག་ཤ་དང་། ཤ་མོང་། བོད་སྤོས། བོད་ཇ་སོགས་ཐོན་རྫས་སྣ་ཁ་70ལྷག་ཙམ་དྲྭ་ཐོག་ཚོང་ལམ་བརྒྱུད་དེ་བཙོང་ལས་སུ་ཧུར་ཐག་གིས་གཞོལ་བས། ད་ཆར་ཛམ་བྷ་ལ་རྟགས་ཅན་གྱི་བསིལ་སྐམ་ཟོག་ཤ་དང་། སྦྲང་རྩི། སྣུམ་གནག་སོགས་ལ་རྒྱ་ཆེའི་འཛད་སྤྱོད་པས་དགའ་བསུ་ཐོབ།

                འཛམ་ཐང་རྫོང་གིས་2016ལོར་དྲྭ་ཐོག་ཚོང་དོན་གྱི་དབུལ་སྐྱོར་རྣམ་གྲངས་དངོས་སུ་སྐྲུན་མགོ་ཚུགས་པ་ནས་2018ལོའི་ལོ་མཇུག་བར་དུ། ཞིང་ཆེན་རིམ་པའི་དྲྭ་ཐོག་ཚོང་དོན་གྱི་དབུལ་སྒྲོལ་དཔེ་སྟོན་རྫོང་འཛུགས་སྐྲུན་གྱི་རྣམ་གྲངས་བདེ་བླག་ངང་ལག་ལེན་བསྟར་བ་དང་། གློག་རྡུལ་ཚོང་དོན་གྱི་ཤེས་ལྡན་མི་སྣ་མི་ཐེངས་1000ལྷག་ཙམ་གསོ་སྦྱོང་བྱས་པ། རྫོང་རིམ་པའི་གློག་རྡུལ་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་རྒྱས་སྐྲུན་རྣམ་གྲངས་ལེགས་སྒྲུབ་བྱས་པར་མ་ཟད། ཁྲེང་ཏུའུ་དང་། མན་དབྱང་། དབུན་ཀྲོའུ་སོགས་སུ་ཛམ་བྷ་ལའི་ཁྱད་ལྡན་ཐོན་རྫས་ཆེད་ཚོང་ཁང་5བསྐྲུན། རྫོང་རང་གི་ཁོངས་ཀྱི་ཡུལ་ཚོ་(གྲོང་རྡལ)དང་གྲོང་ཚོར་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་29དང་ཟོག་སྐྱེལ་ཞབས་ཞུའི་ས་ཚིགས་31བསྐྲུན་འདུག

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།