ཤེས་ཡོན།

རྩོམ་པ་པོ།   དུས་ཚོད།   2019-08-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

འཇིག་རྟེན་གྲུ་བཞིར་གཏུབ་ན་ཁྱེད་མཁོ་སྟེ།།
གནམ་ས་མགོ་རྟིང་སློག་ན་ཁྱེད་མཁོ་སྟེ།།
རྒྱལ་ཁམས་ཞི་བར་འགོད་ན་ཁྱེད་མཁོ་སྟེ།།
ཡུལ་ཁམས་གྱོད་ལ་ཐུག་ནའང་ཁྱེད་མཁོ་འོ།།

ཆོས་དོན་ཉམས་པར་རྒུད་ན་ཁྱེད་མཁོ་སྟེ།།
སྲིད་དོན་ཉོག་ཏུ་འཁྲུགས་ན་ཁྱེད་མཁོ་སྟེ།།
གཞན་དོན་མངོན་པར་བསྒྲུབ་ན་ཁྱེད་མཁོ་སྟེ།།
རང་དོན་ལྐོག་ཏུ་བསྒྲུབ་ནའང་ཁྱེད་མཁོ་འོ།།

གནའ་དེང་མཉམ་པར་བསྲེས་ན་ཁྱེད་མཁོ་སྟེ།།
དབྱར་དགུན་མགོ་མཇུག་ལྡོག་ན་ཁྱེད་མཁོ་སྟེ།།
གངས་རི་རྫ་རིར་འགྱུར་ན་ཁྱེད་མཁོ་སྟེ།།
སྤང་ཐང་བྱེ་མར་འགྱུར་ནའང་ཁྱེད་མཁོ་འོ།།

རང་གཞན་སྙོམས་པོར་བལྟ་ན་ཁྱེད་མཁོ་སྟེ།།
འགལ་མེད་དབུས་ལམ་འཚོལ་ན་ཁྱེད་མཁོ་སྟེ།།
རང་ཉིད་མཐོ་བར་འདོད་ན་ཁྱེད་མཁོ་སྟེ།།
ཕ་རོལ་དམའ་བར་འཛིན་ནའང་ཁྱེད་མཁོ་འོ།།

ཞིང་ཁམས་སྐྱིད་དུ་བསྐུལ་ན་ཁྱེད་མཁོ་སྟེ།།
སེམས་ཁམས་དྲོད་དུ་གསོ་ན་ཁྱེད་མཁོ་སྟེ།།
ལུས་ཁམས་བདེ་བར་འཚོ་ན་ཁྱེད་མཁོ་སྟེ།།
ཐ་ན་བཟའ་བཏུང་བསྒྲུབ་ནའང་ཁྱེད་མཁོ་འོ།།

དེ་ལྟར་བསམས་ན་ཤེས་ཡོན་རིན་པོ་ཆེ།།
དགུང་གི་ཉི་ཟླ་ལས་ཀྱང་འོད་གསལ་ལ།།
ས་ཡི་ཕ་མ་ལས་ཀྱང་དྲིན་ཆེ་བས།།
དྲིན་འོད་ཤེས་སུ་འཇུག་དགོས་ཨ་མའི་བུ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།