སེམས་ཀྱི་མོལ།

རྩོམ་པ་པོ།   དུས་ཚོད།   2019-08-19   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རང་ཉིད་ངན་པའི་རྒྱུ་མཚན་ཕར་བཞག་ནས།།
ལ་དང་ལོང་བ་གང་ཞིག་བཤད་ཁུལ་འདི།།
ལས་དང་སྨོན་ལམ་ཟབ་པའི་སློབ་གྲོགས་འགར།།
ཕན་ཕྱིར་ཅུང་ཙམ་བྲིའོ་མཉན་པར་མཛོད།།

སྤྱིར་ན་རིག་པའི་གནས་ཆེན་བཅོ་བརྒྱད་དང་།།
བསྡུས་ན་ལྔ་ཟུང་རིག་པའི་མཚོ་མོ་འདི།།
ཟླ་དང་ལོ་ངོ་རེ་འགས་རྟོགས་པ་ཞིག།
མིན་ཕྱིར་བརྩོན་པ་དྲག་པོས་འབད་པ་གལ།།

ད་ལྟའི་སློབ་མ་ཕལ་ཆེར་སྐྱིད་པོར་དགའ།།
བརྙན་དང་བརྩེ་གླུས་བསྐྱལ་རྒྱུར་དེ་བས་དགའ།།
ཡག་དང་མོ་རྒོད་འགྲན་རྒྱུར་ཤིན་ཏུ་དགའ།།
ཤེས་དང་མི་ཤེས་བཤད་རྒྱུར་དེ་བས་དགའ།།

སྔོན་གྱི་མཁས་གྲུབ་མང་བོའི་རྣམ་ཐར་གཙོས།།
སྐད་དང་ཡི་གེར་བཞག་པའི་མཛད་རླབས་མོད།།
ཟ་དང་ཟུར་ནས་ཅུང་ཙམ་བཤད་ཁུལ་ཡང་།།
བོང་བུར་ཆོས་བཤད་བཞིན་དུ་ཚོར་སྣང་མེད།།

དོན་དམ་མི་ཚེར་ཕན་པའི་བཟང་སྤྱོད་དང་།།
ལྷག་པར་སེམས་དང་ཉེ་བའི་མཁས་པའི་གསུང་།།
ཅི་ཤེས་དཔེ་རུ་སྦྱར་ཏེ་སྟོན་པ་ཡང་།།
ཧ་ལམ་དགོས་མེད་ཅིག་གི་ངང་ཚུལ་མཐོང་།།

ཤིན་ཏུ་གོ་སླའི་ཐ་སྙད་རེ་འགའ་ཡང་།།
རྒྱ་ཡི་སྐད་ཆར་སྡེབ་སྟེ་འགྲེལ་བ་དང་།།
ཡང་ན་ཨིན་ཡིག་ལ་སོགས་སྐད་ཆ་གཞན།།
བཀོལ་ནས་བཤད་ན་ད་གཟོད་ཅུང་ཟད་འཛུམ།།

འདི་ནི་དུས་ཀྱི་འགྱུར་བ་རྒོད་པ་དང་།།
ཡང་ན་ཁོར་ཡུག་དུ་མའི་ཤུགས་རྐྱེན་དང་།།
དྲིན་དང་ཕ་མའི་སློབ་གསོ་གང་ཡིན་སོགས།།
མི་ཤེས་ངོ་མ་བཤད་ན་དེ་ལྟར་ལགས།།

སྔོན་སོང་འགྱོད་པ་སྐྱེས་ཀྱང་ཕྱིར་འོང་མེད། 
དེའི་ཕྱིར་ད་དང་སང་ཉིན་ནས་གཟུང་སྟེ།།
སྐད་དང་ཡི་གེ་གཙོ་གྱུར་གོམས་སྲོལ་སོགས།།
ཅུང་ཟད་དོ་སྣང་སྤྲོད་དང་ཨ་མའི་བུ།།

གོམས་སྲོལ་གོམས་སྲོལ་ཟེར་ཡང་རིག་གནས་ཡིན།།
རིག་གནས་རིག་གནས་ལབ་ཀྱང་ཡི་གེར་ཐུག།
ཡི་གེ་ཡི་གེ་ཟེར་ཡང་སྐད་ཆ་སྟེ།།
སྐད་ཆ་བརྗེད་ཀི་མ་འཇུག་གཅེས་པའི་སློབ།།

སྐད་ཆའི་གནད་ཀ་བརྡ་སྤྲོད་ཕྱི་མོར་ཐུག།
བརྡ་སྤྲོད་ཕྱི་མོ་སུམ་རྟགས་གཉིས་ལ་ཐུག།
སུམ་རྟགས་གཉིས་ཀ་ཀུན་ཀྱི་རྩ་བ་ཡིན།།
རྩ་བ་ཞིབ་ཏུ་སློབས་ཤིག་བརྩེ་བའི་བུ།།

སུམ་རྟགས་འགྲེལ་ཆེན་བཤད་ན་བརྒྱ་སྟོང་ཡོད།།
ཐམས་ཅད་བསླབ་དགོས་ཟེར་ན་ཡོང་དཀའ་བས།།
མ་མཐར་ལྗོན་པའི་དབང་དང་གསལ་མེ་གཉིས།།
ད་དུང་ཐུབ་ན་པྲ་སི་གང་རུང་ཞིག།

གཞན་ཡང་ཡི་གེར་དག་ཆ་འོང་བའི་ཕྱིར།།
སྡེབ་སྦྱོར་རྒྱ་མཚོ་མཁས་པ་དགའ་སྐྱེད་སོགས།།
གོ་བདེ་འཛིན་སླའི་དག་ཡིག་རེ་འགའ་ཡང་།།
དབྱར་དགུན་གསེང་ནས་བསླབ་རྒྱུ་མ་བརྗེད་རོགས།།

དེ་ནས་ཚིག་སྒྲིག་ཉིན་ཐོ་ལ་སོགས་པའི།།
སྙན་དང་རྩོམ་གྱི་སྔོན་འགྲོར་གོམས་པར་བྱོས།།
སྐབས་དེར་ཚིག་དང་ཐ་སྙད་མི་འདངས་ན།།
རྣ་རྒྱན་ཆུ་ཐིགས་མངོན་བརྗོད་སོགས་ལ་སྦྱོངས།།

དེ་ལྟར་ཐ་སྙད་དང་ནི་ཚིག་སྒྲིག་སོགས།།
ཀུན་ལ་ཅུང་ཙམ་བྱང་བའི་བར་སྐབས་དེ།།
སྙན་གཞུང་རྒྱ་མཚོར་འཇུག་ལ་འགོ་རྩོམས་ཤིག།
འོན་ཏེ་སྙན་ངག་གཞུང་ཡང་བརྒྱ་སྟོང་མཆིས།།

མཁས་པ་འཇུག་སྒོ་མི་འཇིགས་ང་རོ་དང་།།
དགྱེས་པའི་གླུ་དབྱངས་དཎྜིའི་དགོངས་རྒྱན་སོགས།།
ཤིན་ཏུ་མང་བས་གསར་སློབ་བློ་ལྡན་ཚོས།།
བཞད་པའི་སྒྲ་དབྱངས་སློབས་དང་འོས་འཚམ་མཐོང་།།

གལ་ཏེ་དུས་དང་བྱ་བའི་དགོས་དབང་གིས།།
ལེའུ་གསུམ་མཐར་ཆགས་སྦྱང་རྒྱུ་མ་བྱུང་རུང་།།
ངེས་པར་ལེའུ་གཉིས་དཔེ་གཟུགས་གཉིས་པོ་ལ།།
ཞིབ་མོར་སློབས་དང་ཕན་པ་རྒྱ་ཆེར་འཐོབ།།

དེ་བཞིན་ལོ་རྒྱུས་རེ་ཡང་ངེས་པར་གྱིས།།
ལོ་རྒྱུས་དེ་ཡང་དཀར་དམར་ལ་སོགས་སྔོན།།
དེབ་ཐེར་རུས་མཛོད་རྣམ་ཐར་རྟོགས་བརྗོད་སོགས།།
མང་དུ་མཆིས་ཀྱང་རེ་ཟུང་སློབས་དང་འགྲིག།

སྲིད་དོན་གཙོ་གྱུར་ཆོས་འབྱུང་ཁག་ལ་སོགས།།
ཞིབ་པར་མཇལ་རྒྱུ་ད་དུང་མི་འོང་བས།།
ཆོས་སྲིད་ཟུང་འབྲེལ་ལོ་རྒྱུས་གླེང་གཏམ་སོགས།།
གོ་སླ་ཉུང་བསྡུས་སྐོར་ལ་མཇོལ་དང་འགྲིག།

ཆུ་ཡི་རྩ་བ་གངས་རིར་ཐུག་པ་བཞིན།།
བདེ་བའི་རྩ་བ་སེམས་པ་ཉིད་ལ་རག།
སེམས་ཀྱི་བདེ་སྡུག་ཆོས་ལུགས་ནང་དུ་གསལ།།
ཆོས་ལུགས་སྐོར་ཡང་མི་དགོས་མ་ཟེར་རོགས།།

ཆོས་ལུགས་ཆོས་ལུགས་ཟེར་ན་རྒྱ་མཚོ་ཞིག།
ཟབ་ཅིང་བརླིང་ལ་འབྱམས་ཀླས་ལྷ་ལམ་བཞིན།།
ཤིན་ཏུ་མོད་ཀྱང་རྒྱུན་ཤེས་རེ་འགའ་ཡང་།།
ཤེས་པར་བྱོས་དང་ལུས་སེམས་ཀུན་ལ་ཕན།།

གོང་ཞུས་དཔེ་ཆ་དེ་དག་རེ་རེ་བཞིན།།
གང་གི་ངག་བཞིན་མཉན་ནས་བསླབ་གྱུར་ན།།
རང་རིགས་རིག་པ་འབྱུང་བའི་གྲོང་ཁྱེར་དུ།།
ཁྱོད་ཀྱང་མི་ལུས་ཐོབ་པ་དོན་ཡོད་ཡིན།།

སྤྱིར་ན་ཚན་རྩལ་རིག་གནས་འཕྱོ་བའི་དུས།།
རང་རིགས་རིག་གནས་གཅིག་པུས་མི་འོང་བས།།
རྒྱ་དང་དབྱིན་སྐད་སི་སྐད་ཧྥ་སྐད་སོགས།།
གཞན་དང་གཞན་ལ་གང་ནུས་འབད་པ་བྱོས།།

སྦྱང་བྱ་སྣ་མང་ཁོར་ཡུག་སྣ་ཚོགས་ཀྱིས།།
ཕྱི་དང་ནང་གི་གནོན་ཤུགས་སྣ་ཚོགས་ཀྱང་།།
རྟག་ཏུ་འཕྲད་པ་ཤིན་ཏུ་ཤེས་མོད་ཀྱང་།།
ཅུང་ཟད་འབད་དང་བརྩེ་བའི་སློབ་གྲོགས་ཚོ།།

སྐད་ཆ་མང་ན་ཉོག་འགྲོ་ཞེས་པའི་དཔེ།།
ད་ནི་བདག་གིས་འདི་ནས་འཇོག་པར་བྱེད།།
གང་ལྟར་ཅི་བཤད་དམར་པོ་སེམས་ཀྱི་གཏམ།།
ཡིན་ནོ་ཀྱེ་ཀྱེ་ཉོན་དང་ཤིས་གྱུར་ཅིག།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།