དྲི་ཟའི་རོལ་དབྱངས།

རྩོམ་པ་པོ།   དུས་ཚོད།   2019-08-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ང་ཡི་སྙན་ངག་ས་འཛིན་དཀྱིལ་འཁོར་ཡིན།།

གཙོ་བོ་མཁའ་ལམ་ཉུལ་བའི་སྤྲིན་དཀར་ཡིན།།

དབེན་པའི་རི་སུལ་བཏབ་པའི་མེ་ཏོག་ཡིན།།

ཚོར་བའི་དབྱངས་རྟ་གྱེར་བའི་ཁུ་བྱུག་ཡིན།།

མཐའ་མེད་སྲིད་པའི་རྒྱང་གླུ་ལེན་མཁན་ཡིན།།

ང་ཡི་སྙན་ངག་རྒྱ་མཚོའི་བཞུར་རྒྱུན་ཡིན།།

གཙོ་བོ་རང་རིག་གསལ་བའི་མེ་ལོང་ཡིན།།

གཉུག་གཤིས་ཁ་དོག་འཚོལ་བའི་མི་བུ་ཡིན།།

ཐང་ཆེན་ཐང་ཆུང་བརྒྱུད་པའི་རྟ་མཆོག་ཡིན།།

དབྱིངས་ཀྱི་ཐིག་ལེ་གསལ་བའི་འོད་ཕུང་ཡིན།།

ང་ཡི་སྙན་ངག་དབྱངས་ཅན་ལྷ་མཛེས་ཡིན།།

མགོ་བོ་བསྒུར་ནས་ཟུར་མིག་འཐེན་མཁན་ཡིན།།

སྐད་སྙན་འགྱུར་ཁུགས་སྟོང་གི་གཡང་རྟེན་ཡིན།།

དགའ་བའི་མི་ལ་འཛུམ་དཀར་སྟོན་མཁན་ཡིན།།

མདོར་ན་འཁོར་འདས་དབྱེར་མེད་བྱེད་མཁན་ཡིན།།

ང་ཡི་སྙན་ངག་གཡང་དཀར་སྟོང་བཀྲམ་ཡིན།།

གཙོ་བོ་གངས་རིའི་ལྗོངས་ཀྱི་མཛེས་རྒྱན་ཡིན།།

གཤོག་རྩལ་མཁའ་ནས་མངོན་པའི་གླག་རྒོད་ཡིན།།

སྙིང་རྩ་ལྕགས་ཀྱིས་བཟུང་བའི་དཔའ་བོ་ཡིན།།

ཟླ་འཛུམ་དབྱིངས་སུ་འཚེར་བའི་ཤེས་རབ་ཡིན།། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།