ཧོ་ཐའི་ཆུ་ཁོལ་གྱི་མཛེས་ཉམས་རྣམ་པར་ངོམ་བྱུང་།

རྩོམ་པ་པོ།   ཨོ་རྒྱན་བཀྲ་ཤིས། དུས་ཚོད།   2019-08-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               ངོ་མཚར་བའི་བྲག་རིར་དྭངས་གསལ་ཆུ་མོས་དར་ཁ་དྲངས་ཤིང་། བྱིན་ཆགས་པའི་རང་བྱུང་མཛེས་སྡུག་མི་ཡུལ་གྱི་ཟས་སུ་སྨིན། ཉེ་ཆར་མཛོད་དགེ་རྫོང་གི་གཙོ་གནད་ཚོང་འགུག་རྣམ་གྲངས་ཏེ་ཧོ་ཐའི་ཆུ་ཁོལ་ལྗོངས་ཁུལ་གྱི་མཛེས་ཉམས་རྣམ་པར་ངོམ་བྱུང་།

             གནས་འདི་རུ་ངོ་མཚར་བའི་ལུང་ཁུག་དང་བརྗིད་ཉམས་ཀྱིས་འགྱིང་བའི་གཡང་གཟར། ཡིད་དུ་འོང་བའི་རྦབ་ཆུ། རང་བྱུང་གི་ཆུ་ཁོལ་སོགས་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག་ནུས་པའི་རང་བྱུང་གི་མཛེས་པ་མང་དུ་འཛོམས་ཡོད།

            ལྗོངས་ཁུལ་འདི་ནི། སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་བཞག་ལྡོམ་གྲོང་རྡལ་གྱི་ཧོ་ཐ་སྡེ་བར་ཡོད་པ་དང་། མཛོད་དགེ་རྫོང་གི་ཡུལ་སྐོར་གསར་འབྱེད་ཀྱི་རྣམ་གྲངས་གཙོ་བོ་ཡིན། ལྗོངས་ཁུལ་འདིའི་སྤྱིའི་རྒྱ་ཁྱོན་ལ་ས་མུའུ་11000ལྷག་ཡོད་ལ་མཚོ་ངོས་ལས་མཐོ་ཚད་སྨི་3300ནས་3600བར་ཡིན། ཡུལ་འདིའི་ལོ་རེའི་ཆ་སྙོམས་དྲོད་ཚད་ནི་ཏུའུ་7ཡིན་ཞིང་། འདི་ནི་སྣ་འཛོམས་ཀྱི་ཞབས་ཞུའི་ལྟེ་གནས་ཤིག་ཡིན།

           ལྗོངས་ཁུལ་འདིའི་ལུང་ཁོག་མཛེས་ཤིང་རྩྭ་ཆུ་འཛོམས་ལ། ཕྱོགས་བཞིར་གཡང་གཟར་གྱིས་བསྐོར་ཞིང་བྲག་རིའི་རྩེ་ནས་རྦབ་ཆུ་རང་བྱོན་གྱིས་འབབ་བཞིན་པ་དང་། འདབ་ཆགས་དང་རྩི་ཤིང་རྩ་ཆེན་གྱི་རིགས་ཀུན་ནས་འཛོམས་པའི་མཛེས་ལྗོངས་ཡིད་དུ་འོང་བ་ཞིག་ཡིན་པས། བདེ་གཡེང་དང་ཁམས་གསོ་ལ་ཤིན་ཏུ་ཕན་ཞིང་མཐུ་ནུས་ཆེ་བའི་ལྗོངས་ཁུལ་ཞིག་ཡིན།

           ཧོ་ཐའི་ཆུ་ཁོལ་ལྗོངས་ཁུལ་གྱི་སྲིད་འཛིན་གཞུང་ལས་ཁང་གི་འགན་འཁུར་བ་ཀྲང་རུང་གིས། ལྗོངས་ཁུལ་འདིར་དུས་སྐབས་གསུམ་ལ་བགོས་ནས་སྐྲུན་བཞིན་ཡོད། བསྡོམས་པས་སྒོར་དུང་ཕྱུར་10བཏང་བ་དང་། དུས་སྐབས་དང་བོའི་འཛུགས་སྐྲུན་ནི་རྐང་འཛིན་འཛུགས་སྐྲུན་སོགས་ཡིན། དུས་སྐབས་གཉིས་པ་ནི་སང་ལོར་མགྲོན་ཁང་སོགས་བསྐྲུན་རྒྱུ་དང་། དུས་སྐབས་གསུམ་པར་གངས་ཤུད་ར་བ་བསྐྲུན་རྒྱུ། དེ་དག་ལེགས་འགྲུབ་བྱུང་ན་ཉེ་འཁོར་གྱི་སྡེ་དམངས་ལ་དཔལ་འབྱོར་གྱི་ཡོང་འབབ་དང་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ངེས། ཞེས་ཟེར།

          རྒྱུས་ལོན་པ་ལྟར་ན། ད་ཆར། ཧོ་ཐའི་ཆུ་ཁོལ་ལྗོངས་ཁུལ་དུ་བསྡོམས་པས་ལས་མི་42ཡོད་པ་ལས་མི་37ནི་ས་གནས་དེའི་མང་ཚོགས་ཡིན་པ་དང་། ལྗོངས་ཁུལ་འཛུགས་སྐྲུན་གྱིས་ལྗོངས་སྐོར་བ་མང་བོ་བཀུག་སྟེ་མང་ཚོགས་ཀྱི་ཡོང་འབབ་ཀྱང་མཐོར་རུ་བཏང་ཡོད་འདུག

         བཞག་ལྡོམ་གྲོང་རྡལ་གྱི་ཧོ་ཐ་སྡེ་བའི་སྡེ་དམངས་སྨན་བླ་སྐྱབས་ཀྱིས། ང་ནི་ཧོ་ཐའི་ཆུ་ཁོལ་དུ་ལས་ཀ་གཉེར་བཞིན་པའི་ས་གནས་འདིའི་མི་ཞིག་ཡིན། སྔོན་ཆད་ཡུལ་གཞན་དུ་སོང་ནས་ལས་ཀ་འཚོལ་དགོས་མོད། ལྗོངས་ཁུལ་འདི་བསྐྲུན་པ་ནས་བཟུང་རང་ས་རང་ཡུལ་ནས་ལས་ཀ་གཉེར་ཐུབ་པ་མ་ཟད། ངེས་གཏན་ཡོང་འབབ་ཡོད་ལ་ནུས་རྩལ་ཡང་མང་བོར་བསླབ་ཐུབ་པས། རང་སེམས་དགའ་བོ་བྱུང་ཡོད་ཡོད། ཅེས་ཟེར།


         ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་རང་བྱུང་ཆུ་ཁོལ་གྱི་ཐོན་ཁུངས་ལེགས་པར་སྤྱད་དེ། གང་ནུས་ཀྱིས་ཁྲུས་ཀྱི་རིག་གནས་ཀྱི་མིང་རྟགས་གཏོད་པར་འབད་ནས། རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་བཏང་ཞིང་། སྔར་ལས་ལྷག་པའི་སྒོ་ནས་ཆུ་ཁོལ་ལྗོངས་སྐོར་སྐུལ་སྤེལ་གནང་། ཚོང་འགུག་དངུལ་འདྲེན་ལ་བརྟེན་ཏེ་ཧོ་ཐའི་ཆུ་ཁོལ་ལྗོངས་ཁུལ་འཛུགས་སྐྲུན་བྱས་ནས། དམངས་སྲོལ་རིག་གནས་དང་ཁྲུས་ཀྱི་རིག་གནས་ཟུང་འབྲེལ་སྒོས། ཆུ་ཁོལ་ཡུལ་སྐོར་ནི་མཐོ་སྒང་གི་ལྗོངས་སྐོར་གྱི་ཁྱད་ཆོས་ཤིག་ཏུ་བསྒྱུར་བར་འབད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།