ནོར་འཚོས་ཏེ་འབྱོར་ཕྱུག་གི་འཚོ་བ་རོལ།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ།དུས་ཚོད།   2019-08-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                        ཆུ་ཆེན་རྫོང་གི་མདོ་བུ་གྲོང་རྡལ་སེང་གེ་སྡེ་བའི་དབྱང་ཆིང་ལིའང་གིས། ད་ལྟའི་འཚོ་བ་ལོ་རེ་ནས་ལོ་རེར་ཇེ་བཟང་རེད་ལ། ཏང་གི་དབུལ་བྲལ་གནད་སྒྲོལ་གྱི་སྲིད་ཇུས་བཟང་པོས་ང་ཚོ་ལ་ཕྱུག་འགྱུར་གྱི་རེ་བ་གསར་བ་བྱིན་བྱུང་ཞེས་བཤད། ཁོ་ཚང་ལ་བཟའ་མི་མང་བའི་ཁར། མ་རྒན་དང་བཟའ་རོགས་གཉིས་གཅོང་ནད་ཀྱིས་ཟིན་ཡོད་པས། ཁྱིམ་གྱི་འབྱོར་བ་ཤིན་ཏུ་ཞན།

                       དབྱང་ཆིང་ལིའང་ཁྱིམ་མི་གང་པོ་ཆེས་སྤྱིར་བཏང་གི་ཞིང་བ་ཡིན་ལ། རྟག་པར་ཞིང་ལས་ཁོ་ནར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། དེའི་ཕྱིར་ས་ཞིང་གི་ཡོང་འབབ་ཁོ་ནས་ཁ་སོ་ཙམ་ལས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་མ་ཐུབ་པར་ལུས། དེའི་ཁར་མ་རྒན་དང་བཟའ་རོགས་གཉིས་པོ་མི་འདོད་ནད་ཀྱིས་ཟིན་ཡོད་པས། ཡུན་རིང་པོར་སྨན་བསྟེན་དགོས་པ་དང་། སྨན་ཡོན་ཁོ་ནའི་འགྲོ་སོང་ཡང་ཤིན་ཏུ་ཆེ། དེའི་ཁར་བྱིས་པ་གཉིས་པོའི་སློབ་སྦྱོང་གི་འགྲོ་སོང་བསྣན་ཚེ། ཁྱིམ་ཚང་གང་པོའི་འཚོ་བ་ཤིན་ཏུ་སྡུག་པར་གྱུར་ཡོད་ལ། ཐམས་ཅད་དབྱང་ཆིང་ལིའང་ཁོ་ནས་འབད་པར་བརྟེན་ཡོད།

                        དབྱང་ཆིང་ལིའང་གིས། ད་ལྟ། སྡེ་བར་ཕྱི་རུ་ལས་གླར་འགྲོ་མཁན་ཤིན་ཏུ་མང་པོ་འདུག་ལ། ཡོང་འབབ་ཀྱང་བཟང་ཙམ་རེད། ང་ཡང་ཁོ་ཚོ་ཇི་བཞིན་ལས་གླར་འགྲོ་འདོད་ཆེ་ཡང་། ཁྱིམ་གྱི་གནས་ཚུལ་སྡུག་པས་འགྲོ་མ་ཐུབ་པར་ལུས་ཡོད། ང་བུད་སོང་དུས་ཁྱིམ་ལ་བདག་བྱེད་མཁན་ཡང་ཡོད་པ་མ་རེད་ཅེས་སྨྲ་ལ། ཁོར་རྒྱུན་པར་ད་ལྟའི་རྣམ་པ་འདི་བསྒྱུར་འདོད་ཤིན་ཏུ་ཆེ་ནའང་། ཐབས་ལམ་ཡག་པོ་ཞིག་མ་རྙེད་པར་ལུས།

                      འཚོ་བ་ཇི་ལྟར་ངན་ནའང་། འཚོ་བར་བཅངས་པའི་ཡིད་ཆེས་ལྷོད་མི་རུང་ལ། ཁྱིམ་གྱི་རྟེན་གཞིར་གྱུར་པའི་ཀྭ་ཆེན་གང་དེ་སར་འགྱེལ་ག་ལ་རུང་། དབྱང་ཆིང་ལིའང་གིས་རང་གིས་རང་ལ་དེ་ལྟར་སེམས་གསོ་བྱས། ཁོས་ཕྱི་རུ་ལས་གླར་འགྲོ་མི་ཐུབ་ལ། ས་ཞིང་གི་ཡོང་འབབ་ཀྱང་མི་མཐོ་བས། ད་ནི་དབུལ་བྲལ་ཕྱུག་འགྱུར་གྱི་ཐབས་ལམ་གཞན་ཞིག་འཚོལ་དགོས་པས། ངས་གསོ་སྤེལ་གྱི་ལས་རིགས་ཚོད་བསྙེག་བྱ་རྒྱུའི་གྲ་སྒྲིག་བྱས་པ་ཡིན་ཞེས་ཟེར།

                        2014ལོར། གྲོང་རྡལ་དང་སྡེ་བའི་ལས་བྱེད་པ། སྡེ་འགན་གཙང་ལེན་གྱི་ལས་བྱེད་པ་དག་གིས་ཁྱིམ་ཚང་རྣམས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་མཐར། དབྱང་ཆིང་ལིའང་ཚང་ཡིག་ཚགས་སུ་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོར་གཏན་འཁེལ་བྱས། དེ་ལྟར་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་པར་བརྟེན་ཏེ། དབྱང་ཆིང་ལིའང་གིས་འབྱོར་ཕྱུག་གི་རེ་བ་མཐོང་ཞིང་། གསོ་སྤེལ་གྱི་ལས་རིགས་གཉེར་རྒྱུའི་སེམས་ཐག་བཅད།

                       བསམ་ཕྱོགས་ཡོད་པར་གྱུར་ལ། ཁ་ཕྱོགས་ཀྱང་གཏན་འཁེལ་བྱས་མོད། མ་དབུལ་གྱི་དཀའ་ཁག་དེ་ཆེས་ཆེ་བའི་དཀའ་ཁག་ཏུ་གྱུར། གྲོང་རྡལ་དང་སྡེ་བའི་ལས་བྱེད་པ་སོགས་ཀྱི་བཀོད་མཐུན་འོག་རོགས་སྐྱོར་འགན་ཁུར་པས་ཧུར་བརྩོན་ཆེན་པོས་དབྱང་ཆིང་ལིའང་ལ་ལས་གཞིའི་མ་དངུལ་བཙལ་རོགས་བྱས་པ་དང་། དེ་མིན་ཉེ་མི་དང་རོགས་པ་དག་གི་རྒྱབ་སྐྱོར་ལ་བརྟེན་ཏེ། ཁོས་ཕྱུགས་ཟོག6ཉོས།

                         ཕྱུགས་ཟོག་ཉོས་ནས་ཐོན་ཡང་། གསོ་སྐྱོང་བྱ་རྒྱུ་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན་ཏེ། དཀའ་བ་གསད་ཐུབ་དགོས་པར་མ་ཟད། ཚན་རིག་གི་གསོ་སྐྱོང་ཐབས་ཤེས་ཀྱང་ཁོང་དུ་ཆུད་པར་བྱ་དགོས། དེ་བས་གྲོང་རྡལ་དང་སྡེ་བའི་ལས་བྱེད་པ་དག་གིས་ཧུར་བརྩོན་གྱིས་ཕྱུགས་ལས་ས་ཚིགས་ཀྱི་ལས་བྱེད་པ་དག་ལ་འབྲེལ་བ་བྱས་ཏེ། དུས་གཏན་ཁེལ་གྱིས་དེར་ལག་རྩལ་གྱི་མཛུབ་སྟོན་བྱེད་དུ་བཅུག་པར་མ་ཟད། དབྱང་ཆིང་ལིའང་ཁོ་རང་གིས་ཀྱང་ཐག་ཉེའི་ས་ཆའི་གསོ་སྤེལ་ཁྱིམ་ཚང་དག་གི་ཉམས་མྱོང་ལ་བསླབས་པ་དང་། དེ་མིན་ཚགས་པར་དང་། བརྙན་འཕྲིན། དྲ་བ་སོགས་ཐབས་ལམ་མང་པོ་ནས་གསོ་སྤེལ་གྱི་ལག་རྩལ་གསར་བ་དག་ལ་རྒྱུས་ལོན་བྱས།

                        རྒྱུ་ཇི་ལྟར་བཞག་ན་འབྲས་བུ་དེ་ལྟར་འབྱུང་བ་ལྟར། 2017ལོར། དབྱང་ཆིང་ལིའང་ཚང་གི་ཟོག་གི་གོ་དང་འོ་མའི་ཡོང་འབབ་ལ་སྒོར6000ལྷག་དང་། ཟོག་ཤའི་ཡོང་འབབ་ལ་སྒོར་ཁྲི2ལྷག་སྟེ། འགྲོ་སོང་ཀུན་ཕུད་པའི་ཡོང་འབབ་གཙང་མར་སྒོར18000ལྷག་འདུག་པས། ལོ་དེར་དབུལ་ཕོངས་ཁྱིམ་ཚང་གི་ཞྭ་མོ་ཕུད་ཐུབ་པར་གྱུར། དེ་ལྟར་གསོ་སྤེལ་ལས་རིགས་ཀྱི་ཡོང་འབབ་རེག་པ་དང་མཉམ་དུ། དབྱང་ཆིང་ལིའང་གི་ཐོན་ལས་ལ་བརྟེན་ནས་འབྱོར་ཕྱུག་སྙེག་པའི་ཆོད་སེམས་སྔར་བས་ཀྱང་བརྟན་པར་བྱས།

                        དབུལ་བྲལ་ལེགས་པར་ཐུབ་པའི་རྗེས་སུའང་། དབྱང་ཆིང་ལིའང་སྒྱིད་ལུག་ཏུ་མ་གྱུར་པར་སྡེ་བ་གཞན་པ་དག་གི་མི་དང་མཉམ་འབྲེལ་གྱིས་འབྱོར་བ་བཙལ་ནས་འབྱོར་འབྲིང་དུ་བསྐྱོད་པར་འདོད་པ་སྟེ། ཁོས་རང་ཉིད་འབྱོར་བ་དང་ལྡན་པར་གྱུར་པ་ཙམ་གྱིས་འབྱོར་བ་དར་བར་བརྩི་མི་རུང་། དབུལ་ཕོངས་ཁྱིམ་ཚང་གཞན་པ་དག་གི་སྣེ་ཁྲིད་དེ་དབུལ་བྲལ་ཕྱུག་འགྱུར་གྱི་ལམ་དུ་བསྙེགས་པར་བྱས་ན། ད་གཟོད་ཡུལ་གྲོང་བསྐྱར་དར་གྱི་དམིགས་ཡུལ་འགྲུབ་ཐུབ་ཅེས་ཟེར། ཁོས་དེ་ལྟར་བཤད་ལ་བསྒྲུབས་ཀྱང་བསྒྲུབས་འདུག

                        ཁོ་དང་སྡེ་བ་གཅིག་པའི་མི་དག་དང་མཉམ་འབྲེལ་གྱིས་འབྱོར་སྙེག་མཉམ་ལས་ཁང་ཞེས་པ་བཙུགས་ཤིང་། གསོ་སྤེལ་གྱི་ཤེས་བྱ་ཤེས་ཚད་དང་། ཉམས་མྱོང་ཐམས་ཅད་གཅིག་གཅིག་གཉིས་གཉིས་བྱས་ཏེ་སྡེ་མི་གཞན་པ་དག་ལ་བཤད་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང་རྣམས་ལ་ཧུར་བརྩོན་གྱིས་ཐོན་ལས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་ཅིང་། བརྩོན་པར་བརྟེན་ནས་ཕྱུག་སྙེག་བྱེད་པའི་ཆོད་སེམས་སྤྲད།

                       དབྱང་ཆིང་ལིའང་གིས། ད་ལྟ་སྲིད་ཇུས་ཅི་འདྲའི་བཟང་བ་ལ་ཨང་། རྒན་པ་ཚོ་སྨན་ཁང་དུ་བསྟན་ན་སྨན་ཡོན་རྩིས་རྒྱག་ཆོག་པ་དང་། བྱིས་པ་སློབ་གྲྭར་འགྲོ་བར་ཡང་སྲིད་གཞུང་གི་རོགས་དངུལ་འདུག ཞིང་གྲོང་གི་སྡོད་གནས་ཀྱི་ཆ་རྐྱེན་དང་། འཚོ་བའི་ཆ་རྐྱེན་སོགས་ཀྱང་ཇེ་བས་ཇེ་བཟང་རེད། དེའི་ཕྱིར་ང་ཚོས་སྔར་བས་ཀྱང་ལྷག་པར་རང་གི་ལག་པ་གཉིས་ལ་བརྟེན་ནས་འབྱོར་བ་དར་བར་བྱ་དགོས་ཤིང་། ཐམས་ཅད་རོགས་སྐྱོར་ཁོ་ནར་བརྟེན་མི་རུང་ཞེས་སྡེ་མི་དག་ལ་བཤད། ད་ལྟ་ཁོས་ཁྱིམ་གྱི་ས་ཞིང་མུའུ་1.5གཞན་ལ་གླས་ཤིང་གླ་ཡུན་ལོ་3ཡིན་པས། ལོ་རེར་ངེས་གཏན་གྱི་ཡོང་འབབ་འདུག་ལ། ལྷག་མའི་ས་ཞིང་མུའུ་3དུ་གཟན་རྩྭ་རྨོས་ཡོད།

                        དེ་ལྟར་ནོར་འཚོས་ཏེ། འབྱོར་ཕྱུག་གི་འཚོ་བ་རོལ་བ་སྟེ། ཧུར་བརྩོན་ཆེ་ལ་བབ་ཆགས་པའི་དབྱང་ཆིང་ལིའང་གིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། རང་ཉིད་ཀྱི་འབད་པར་བརྟེན་ནས་འབུལ་བྲལ་ཕྱུག་འགྱུར་གྱི་ལམ་བུར་ཞུགས་ཤིང་། སྡེ་བ་ཡོངས་ཀྱི་དཔེ་གཞི་ལྟ་བུར་གྱུར་ཏོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།