ངལ་རྩོལ་པ་དུང་ཕྱུར་2ལྷག་ལས་རིགས་ཀྱི་ནད་གཞིའི་གནོད་འཚེར་འཕྲད་ཡོད།

རྩོམ་པ་པོ།   དུས་ཚོད།   2019-08-14   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

                   ཉིན་ཤས་གོང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས“ལས་རིགས་བདེ་ཐང་སྲུང་སྐྱོང་བྱ་སྤྱོད”ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། བརྟག་དཔྱད་བྱས་པ་ལས་མངོན་པར་གཞིགས་ན། ངལ་རྩོལ་པ་དུང་ཕྱུར་2ལྷག་ཙམ་ལས་རིགས་ཀྱི་ནད་གཞིའི་གནོད་འཚེ་སྣ་ཚོགས་ལ་འཕྲད་ཡོད་པ་དང་། བྱ་བའི་གནོན་ཤུགས་དང་མཇིང་ཚིགས་ནད་སོགས་མ་འོངས་པར་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་སུ་འཇུག་རྒྱུ་ཡིན་པ་རེད།

1

ངལ་རྩོལ་པ་དུང་ཕྱུར་2ལས་བརྒལ་པར་ལས་རིགས་ཀྱི་ནད་གཞི་སྣ་ཚོགས་ཀྱི་གནོད་འཚེ་ཕོག་བཞིན་པ།

                མིག་སྔར་རང་རྒྱལ་གྱི་ལས་རིགས་ནད་ཀྱི་སྙན་ཞུའི་ནད་དཔེ་གྲངས་གཞི་མང་པོ་ཡོད། 2010ལོ་ནས་བཟུང་ལོ་རེར་ཆ་སྙོམས་ལས་རིགས་ནད་ཀྱི་ནད་དཔེ་གསར་པ་ཁྲི་2.8ཙམ་སྙན་ཞུ་ཕུལ་ཡོད། ན་ནིང་ལོ་མཇུག་བར་རང་རྒྱལ་གྱིས་རིམ་རྩིས་བྱས་ན་ལས་རིགས་ནད་གཞིའི་དཔེ་ཁྲི་97.5སྙན་ཞུ་བྱས་པའི་ནང་ལས་རིགས་རང་བཞིན་གྱི་རྡུལ་གྲིབ་གློ་ནད་ནད་དཔེ་ཁྲི་ 87.3ཡོད་པ་དང་། དེས་སྙན་ཞུའི་ལས་རིགས་ནད་དཔེ་བསྡོམས་འབོར་གྱི་90%བཟུང་ཡོད་པ་རེད།

                 ཤེས་རྟོགས་བྱུང་བར་གཞིགས་ན། ལས་རིགས་བདེ་ཐང་ཞིབ་བཤེར་ཁྱབ་ཚད་དམའ་བ་དང་ལས་མི་སྤྱོད་པའི་ལམ་ལུགས་འཐུས་ཚང་མེད་པ་སོགས་ཀྱི་རྐྱེན་པས་དོན་དངོས་ནད་ཕོག་མཁན་མི་གྲངས་ནི་སྙན་ཞུའི་ནད་དཔེའི་གྲངས་འབོར་ལས་མཐོ་བ་ཡོད་པ་རེད། དཔེ་འདེམས་བརྟག་དཔྱད་བྱས་པར་གཞིགས་ན། ཁེ་ལས་1200ཙམ་ལ་ལས་རིགས་ནད་ཀྱི་གནོད་འཚེ་ཕོག་ཡོད་པ་དང་ངལ་རྩོལ་པ་དུང་ཕྱུར་2ལྷག་ཙམ་ལ་ལས་རིགས་ནད་ཀྱི་གནོད་འཚེ་ཕོག་ཡོད་པ་རེད།

2

མཇིང་ཚིགས་ནད་སོགས་ཁྲིམས་བཀོད་ལས་རིགས་ནད་ཀྱི་ཁོངས་སུ་འཇུག་ཀྱང་སྲིད།

                 བདེ་ཐང་ཀྲུང་གོ་བྱ་སྤྱོད་སྐུལ་འདེད་ཨུ་ལྷན་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་ལས་རིགས་བདེ་ཐང་སྲུང་སྐྱོང་བྱ་སྤྱོད་ཀྱིས་མཇིང་ཚིགས་ནད་དང་། དཔུང་པའི་མཐའ་འཁོར་གཉན་ཚད། སྐེད་པ་ན་བ། རུས་འཛེར་སྐྱེས་པ། དབང་རྩ་སྦུ་གུ་ཅན་ན་བ་བཅས་ངལ་རྩོལ་པ་མི་སྒེར་གྱིས་སྔོན་འགོག་བྱེད་དགོས་པའི་ནད་དུ་བརྩིས་ཡོད་པ་རེད།

               ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་པ་སུན་ཤིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་དག་ནི་ཁྲིམས་གཏན་འཁེལ་བའི་ལས་རིགས་ཀྱི་ནད་མིན་མོད། འོན་ཀྱང་དེ་དག་ཚང་མ་ལས་རིགས་བྱེད་སྒོ་དང་འབྲེལ་བ་ཡོད་པའི་ནད་ཡིན་པས། ཁོང་གིས་འབྱུང་འགྱུར་ལས་རིགས་ཀྱི་ནད་གཞིའི་ཁོངས་སུ་འཇུག་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད།

3

ལས་རིགས་བདེ་ཐང་སྲུང་སྐྱོང་བྱ་སྤྱོད་སྤེལ་འགོ་ཚུགས་པ།

            དེ་མིན། རང་རྒྱལ་གྱི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་བྱས་པ་དང་བསྟུན་ནས་ལས་རིགས་ནད་ཀྱི་གནོད་འཚེའི་རྒྱུ་རྐྱེན་དེ་བས་མང་བ་དང་རྙོག་འཛིང་ཆེ། སྲོལ་རྒྱུན་གྱི་ལས་རིགས་ནད་ཀྱི་གནོད་འཚེ་རྩ་བའི་ཆ་ནས་ཚོད་འཛིན་ཐུབ་མེད་པ་དང་། སྤྱི་ཚོགས་ཀྱི་སེམས་ཁམས་རྒྱུ་རྐྱེན་དང་ལས་རིགས་ཕན་འབྲས་རིག་པའི་རྒྱུ་རྐྱེན་མི་ལེགས་པ་ལས་བྱུང་བའི་བསམ་པའི་ནད་གཞི་དང་ཤ་གནད་དང་རུས་ཚིགས་ལ་རྨས་སྐྱོན་ཕོག་པ་སོགས་ལས་དོན་དང་འབྲེལ་བ་ཡོད་པའི་ནད་གཞིའི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

             “ལས་རིགས་བདེ་ཐང་སྲུང་སྐྱོང་བྱ་སྤྱོད”ལག་བསྟར་བྱ་རྒྱུ་དེ་གཙོ་བོ་ངལ་རྩོལ་པ་མི་སྒེར་དང་། མི་སྤྱོད་ཚན་པ། སྲིད་གཞུང་བཅས་ནས་འགོ་བཙུགས་ཏེ་ཞིབ་ཕྲའི་བྱ་ཐབས་མང་པོ་བཏོན་ནས་ལས་རིགས་ནད་ཀྱི་གནོད་འཚེ་ཆུང་དུ་གཏོང་དགོས་པའི་བླང་བྱ་འདོན་དགོས། ལས་ཀའི་གནོན་ཤུགས་དང་ཤ་གནད་དང་རུས་ཚིགས་ཀྱི་ནད་རིགས་སོགས་ལས་རིགས་ཀྱི་ནད་གསར་པའི་གནོད་འཚེ་སྲུང་སྐྱོང་བྱེད་ཁོངས་སུ་འཇུག་དགོས།

4

ལས་ཀ་ཡུན་རིང་བྱས་ན་ཁྱེད་ལ “ལས་རིགས་ཀྱི་ནད་”གང་དག་ཕོག་སྲིད་དམ།

                 ལས་ཀ་བྱེད་སྐབས་གློག་ཀླད་ལ་ཁ་གཏད་ནས་ཡུན་རིང་བསྡད་དེ་མི་འགུལ་བ་དང་། ལས་ཀ་གྲོལ་རྗེས་ད་དུང་ལག་ཁྱེར་ཁ་པར་འཁྱེར་ནས་ལས་ཀའི་གནས་ཚུལ་ལན་འདེབས་དགོས་པ། དགོང་མོ་ཁ་ཧྥེ་འཐུང་ཞོར་དུ་ལས་དུས་སྣོན་ཞོར་འཆར་གཞི་Aདང་B.C.Dབཅས་གྲ་སྒྲིག་བྱེད་དགོས་པས། ལས་དོན་ལས་བྱུང་བའི་སེམས་ཀྱི་གནོན་ཤུགས་ཕུད། ལས་ཞུགས་མི་སྣའི་རྒྱུན་ལྡན་གོམས་སྲོལ་འདི་དག་གིས་ཀྱང་རང་ལུས་ལ་གནོད་འཚེ་གཏོང་བཞིན་ཡོད།

                     མཇིང་ཚིགས་ཀྱི་ནད་དང་། ངལ་དུབ་ལས་ལུས་ཤ་རྒྱག་པ། མིག་སྐམ་ནད། རྐེད་ཤ་དུབ་རྨས། ཕོ་བ་མི་བདེ་བ་སོགས་ལས་རིགས་ཀྱི་ནད་གཞི་འདི་དག་ཁྱེད་ལ་ཕོག་ཡོད་དམ།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།