ཀྲུང་གོའི་དཔལ་འབྱོར་གནས་སྟངས་ལེཊ་སྒྲིག་ཤུཊ་ཚད་ཆེ་བ།

རྩོམ་པ་པོ།   དུས་ཚོད།   2019-08-14   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

                     ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་ནི་ས་ཁོངས་ཆེ་ལ། མི་འབོར་མང་བ་དང་། ས་གནས་ཁག་གི་རང་བྱུང་ཆ་རྐྱེན་དང་། ཐོན་ཁུངས་ཆ་རྐྱེན། དཔལ་འབྱོར་རྨང་གཞི་བཅས་ལ་ཧེ་བག་ཆེན་པོ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མ་འོངས་པའི་ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེ་དང་གོང་འཕེལ་བརྟན་ལྷིང་གི་འཕེལ་ཕྱོགས་ཆེན་མོར་གཞིགས་ནས་བསམ་གཞིགས་ནན་པོ་དང་ཇུས་འགོད་ཞིབ་ཚགས་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁོངས་གོང་འཕེལ་གྱི་འཐབ་ཇུས་དགོངས་པ་དང་བྱ་ཐབས་མང་པོ་བཏོན་པ་དང་། དེར་སྐུལ་འདེད་བཏང་ཡོད།  ཅིང་ཅིན་ཅིད་རོགས་ལས་གོང་སྤེལ་དང་། གཡོས་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་གྱི་འཛུགས་སྐྲུན། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་བཅས་ཀྱི་ལག་ལེན་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པ་རེད།

                     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་། ཀྲུང་གོས་ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་བྱ་དགོས་ཞེས་བསྟན་གནང་བ་དང་། ཁོང་གིས། གྲོང་ཁྱེར་གྱི་ཚོམ་བུས་གཙོ་གཟུགས་བྱས་ཐོག གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་། གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གནས་སྟངས་ཆགས་པ་བྱ་དགོས་པ་དང་། ཞིང་ལས་ནས་ལས་གནས་གཞན་ལ་བསྒྱུར་བའི་མི་རྣམས་གྲོང་མི་ཅན་ལ་འགྱུར་བ་བྱ་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་དགོས་པ། པེ་ཅིན་གྱི་རྒྱལ་སའི་བྱེད་ནུས་མེད་པའི་ཆ་དག་གསེད་དཀྲོལ་བྱ་རྒྱུས་གཙོ་བོ་བྱས་ནས་ཅིང་ཅིན་ཅིད་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ། ཞུང་ཨན་ཁུལ་གསར་ཆུ་ཚད་མཐོ་པོའི་ཐོག་ནས་འཆར་འགོད་བྱེད་པ་དང་། ཚད་གཞི་མཐོ་པོའི་ཐོག་ནས་འཛུགས་སྐྲུན་བྱ་དགོས་པ། སྲུང་སྐྱོབ་ཆེན་མོ་མཉམ་འཛིན་དང་། གསར་སྤེལ་ཆེན་མོ་མི་བྱེད་རྒྱུས་ཁྲིད་ཕྱོགས་བྱས་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

                    སྤྱི་ལོ2017ལོའི་ཟླ4པའི་ཚེས1ཉིན། ཧོ་པེའི་ས་གཞི་ཆེན་མོར་དཔྱིད་ཀྱི་འབྲུག་སྒྲ་ལྷང་ལྷང་དུ་གྲགས་པ་དང་། ཧོ་པེ་ཞུང་ཨན་ཁུལ་གསར་གསར་དུ་བཙུགས་ཤིང་། ཅིང་ཅིན་ཅིད་རོགས་ལས་གོང་འཕེལ་དེ་འགོ་འཛུགས་ས་གསར་པར་སླེབས་ཡོད། ཧོ་པེ་ཞུང་ཨན་ཁུལ་གསར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་གཡུས་ཤིན་གྱིས་གསར་འགོད་པར། ད་ལོའི་ལོ་སྟོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་ཞུང་ཨན་དུ་ཕེབས་པ་དང་། ཁུལ་གསར་འདིས་དང་ཐོག་འཆར་འགོད་དང་འཛུགས་སྐྲུན་གྱི་འདུ་ཤེས་ཐོག་གསར་པའི་ཁྱད་ཆོས་མངོན་པ་བྱ་དགོས་ཞེས་ནན་སྟོན་གནང་ཡོད་ཅེས་གསུངས་འདུག

                     ཀྲང་གཡུས་ཤིན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་བཀའ་འདྲི་ཞིབ་ཕྲ་གནང་བྱུང་། ཞུང་ཨན་གྱི་མ་འོངས་པའི་གོང་འཕེལ་བར་ཁམས་སྐོར་ནན་སྟོན་ཡང་ཡང་གནང་བྱུང་། ངེས་པར་དུ་གྲོང་ཁྱེར་དང་རང་བྱུང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། གྲོང་ཁྱེར་དང་པའི་ཡང་ཏན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། ཞུང་ཨན་དུ་པའི་ཡང་ཏན་ཡོད་པའི་དབང་གིས་གྲོང་ཁྱེར་བཙུགས་པས། པའི་ཡང་ཏན་ཞེས་པའི་འབྱུང་ཁམས་ཁོར་ཡུག་འདིར་ཐོག་མར་སྲུང་སྐྱོབ་ཡག་པོ་བྱ་དགོས་ཞེས་གསུངས་ཀྱི་འདུག་ཅེས་གསུངས།

                      ཐན་ཅིན་པིང་ཧའི་ཀྲུང་ཀོན་ཚུན་ཚན་རྩལ་གླིང་ཁུལ་ནང་ཐོ་འགོད་བྱས་པའི་ཁེ་ལས་བཞི་ཆ་གཅིག་ནི་པེ་ཅིན་ནས་ཡིན་པ་དང་། རིམ་འདས་རྩིས་འཁོར་ནས་ཁ་ལོ་བ་མེད་པའི་གནམ་གྲུ་སོགས་རིག་ནུས་ཚན་རྩལ་ཐོན་རྫས་ཚང་མས་ཅིང་ཅིན་ཅིད་རོགས་ལས་གོང་འཕེལ་གྱིས་འདོན་སྤྲོད་བྱས་པའི་འགུལ་ནུས་གསར་པར་བདེན་དཔང་བྱེད་བཞིན་ཡོད། གཡིས་ཧྥེ་རིག་ནུས་ཚོད་འཛིན་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཆིའི་ཅུན་ཐུང་གིས། ཁོ་ཚོའི་ཁེ་ལས་ཀྱི་སྤྱི་ཁྱབ་ཁང་ཐན་ཅིན་དང་། ཞིབ་འཇུག་གསར་སྤེལ་ལྟེ་གནས་པེ་ཅིན། ཚོད་ལྟ་ཁང་ཧོ་པེར་བཙུགས་ཡོད་ཅེས་དང་། ཁོང་གིས། ད་ལྟ་རྒྱལ་ཁབ་ནས་གཏན་ལ་ཕབ་པའི་སྲིད་ཇུས་འདི་དག་གིས་ཚན་ཞིབ་མི་སྣ་དང་ཞིབ་འཇུག་གསར་སྤེལ་ལས་ཁུངས་ལ་རང་རང་གི་གསོན་ཤུགས་འདོན་དུ་བཅུག་ཡོད་ཅེས་གསུངས། 

                    གཡོས་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་གྱིས་རྒྱལ་ཁོངས་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆ་གཅིག་ཀྱང་མི་ཟིན་པ་དང་། མི་འབོར་གྱི་བརྒྱ་ཆ་ལྔ་ཡང་ཟིན་གྱི་མེད། ཡིན་ནའང་དཔལ་འབྱོར་སྤྱི་འབོར་གྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆ་12ཟིན་གྱི་ཡོད།  གཡོས་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་ཞིབ་འཇུག་ཁང་གི་དྲུང་ཆེ་ཏེང་ཅང་ཉན་གྱིས། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་གཏོད་རྒྱུ་ནི་ཁུག་པ་ཆེན་མོའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཁག་གི་འདེགས་གནས་གལ་ཆེན་ཞིག་ཡིན་ཞེས་དང་། ཁོང་གིས། གཡོས་ཀང་ཨའོ་ཁུག་པ་ཆེན་མོ་ཁུལ་དུ་མི་དམངས་ཤོག་སྒོར་དུང་ཕྱུར་ཆིག་འབུམ་གྱི་ཁྲོམ་རའི་ཤོང་ཚད་ཡོད་པ་དང་། ཐོན་ལས་ཚོམ་སྡེབ་270ཡོད་པ། ཆེད་ལས་ཁྲོམ་ར་330ཡི་ཁྱབ་ཚད་ཡོད། དེས་ཚན་རྩལ་གྲུབ་འབྲས་དངོས་ལ་བསྒྱུར་རྒྱུར་ཁྲོམ་ར་རྒྱ་ཧ་ཅང་ཆེན་པོ་མཁོ་འདོན་བྱས་ཡོད་ཅེས་གསུངས་འདུག

                  ན་ནིང་ལོ་གཅིག་ནང་། བཟོ་འཕྲིན་པུའུ་དང་། ཚན་རྩལ་པུའུ་སོགས་སྡེ་ཚན་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་བྱ་ཐབས་བཏོན་ནས། ཤང་ཀང་དང་ཨའོ་མན་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་ནང་བཅུག་ཡོད་པ་རེད། ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་གཡོས་ཀང་ཨའོ་གོང་འཕེལ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་མའོ་གཡན་ཧྭ་ཡིས། ང་ཚོས་ཤང་ཀང་དུ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་16དང་། ཨའོ་མན་དུ4བཙུགས་ནས་ཚན་རྩལ་ཐོན་ལས་ཀྱི་འགྲན་ནུས་ཆེ་རུ་གཏོང་བཞིན་ཡོད། ནང་སའི་ངོས་ནས་བཤད་ན། ཤང་ཀང་དང་ཨའོ་མན་དུ་གཅིག་སྡུད་དེ་བས་ལེགས་པ་བྱེད་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་ཐོག་གི་གསར་གཏོད་ཐོན་ཁུངས་ཐོབ་ཐུབ་ཅེས་གསུངས་འདུག

                  འབྲི་ཆུའི་ཟུར་གསུམ་གླིང་གི་ས་ཁུལ་གྱིས་རྒྱལ་ཁོངས་ས་ཆའི་བརྒྱ་ཆ3.7ཟིན་པ་དང་། ས་ཁོངས་དེར་རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆ་14གཅིག་སྡུད་བྱས་པ། སྤྱི་ལོ2018ལོར་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་གྱི་བརྒྱ་ཆ23.5ཟིན་ཡོད་པ་རེད། མིག་སྔར་འབྲི་ཆུའི་ཟུར་གསུམ་གླིང་དུ་རྨང་གཞིའི་སྒྲིག་ཆས་མཉམ་སྦྲེལ་མཉམ་མཐུད་ཁྱོན་ཡོངས་ནས་བྱེད་བཞིན་ཡོད། ཉེ་ཆར་ཨན་ཧུའེ་ཧོ་ཧྥེ་ཡི་ཕྱོགས་སྡུད་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་ཀྱི་ལྟེ་བའི་རྣམ་གྲངས་ཛ་དྲག་ངང་འཛུགས་སྐྲུན་བྱེད་བཞིན་ཡོད། ཨན་ཧུའེ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་བསྒྱུར་བཅོས་གསར་གཏོད་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲུའུ་ཏི་ཨོ་ཡིས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གོང་འཕེལ་གྱི་གོ་སྐབས་ལ་བརྟེན་ནས་ཧོ་ཧྥེ་དང་ཀྲང་ཅང་གི་ཕྱོགས་སྡུད་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་ཀྱི་གསར་གཏོད་མཉམ་ལས་ལ་སྐུལ་འདེད་ཀྱིས། ཧོ་ཧྥེའི་ཚན་རིག་ལྟེ་གནས་ཀྱི་འཛུགས་སྐྲུན་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་གསུངས་འདུག

                   མཐོ་རིམ་ཇུས་འགོད་འོག ས་ཁོངས་དཔལ་འབྱོར་གོང་འཕེལ་ཐད་རྣམ་པ་གསར་པ་མངོན་བཞིན་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་གྱི་འགུལ་ནུས་གསར་པ་མགྱོགས་མྱུར་ངང་འཕེལ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་བཞིན། བྱ་ཐབས་ཤུགས་ཆེར་བཏང་ནས་ནུབ་རྒྱུད་གསར་སྤེལ་ཆེན་མོར་གནས་སྟངས་གསར་པ་གྲུབ་པ་བྱེད་པ་དང་།  སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་བྱང་ཤར་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་ཡོང་བ་བྱེད་པ། བཟང་ཆ་འདོན་སྤེལ་བྱས་ནས་དབུས་ནུབ་ས་ཁུལ་སྟོབས་ཆེར་གཏོང་བ། གསར་གཏོད་ཀྱིས་སྣེ་ཁྲིད་ནས་ཤར་རྒྱུད་ས་ཁུལ་སྔོན་ལ་ལེགས་བསྒྱུར་གོང་འཕེལ་ཡོང་བ་བྱེད་པ་བཅས་བྱས་ནས། ཕན་འབྲས་དེ་བས་ཆེ་བའི་ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་སྒྲིག་གཞི་གསར་པ་འཛུགས་དགོས། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།