ཤང་ཀང་གི་གཏུམ་སྤྱོད་པས་ཉེན་རྟོག་པར་ཚུར་རྒོལ་བྱས་པ།

རྩོམ་པ་པོ།   དུས་ཚོད།   2019-08-14   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

                   ཟླ་8ཚེས་11ཉིན་གྱི་དགོང་མོ་གཏུམ་སྤྱོད་ཅན་ཉུང་ཤས་ཤིག་གིས་ཤང་ཀང་ཁྲང་ཧྲ་དབན་ཉེན་རྟོག་ཧྲུའུ་དང་། ཅན་ཧྲ་ཅུས་ཉེན་རྟོག་ཧྲུའུ། ཝན་ཙེ་ཉེན་རྟོག་སྤྱི་ཁྱབ་པུའུ་སོགས་ས་ཆ་མང་པོར་ཉེན་རྟོག་པར་རླངས་སྣུམ་འབར་མདེལ་དབྱུགས་པས་ཉེན་རྟོག་པར་རྨས་སྐྱོན་བཟོས་པ་རེད། དྲག་སྐྱོད་དྲག་ཤུགས་པ་ཁག་ཅིག་གིས་གསོད་རྨས་རང་བཞིན་མཐོ་བའི་མཚོན་ཆ་མང་པོ་བཀོལ་སྤྱོད་བྱས་ཡོད་པ་དང་། དེའི་ནང་དུ་འཕེན་གཏོང་སྒྲིག་ཆས་ཀྱིས་ཉེན་རྟོག་ཁང་ལ་འཇབ་རྒོལ་བྱེད་པ་ཡང་ཚུད་ཡོད།

                 ཤང་ཀང་གི་གཏུམ་སྤྱོད་ཁྲིམས་འགལ་བ་ཉུང་ཤས་ཀྱིས་སྤེལ་བའི་ཐལ་ཆེ་བའི་བྱ་སྤྱོད་ལ་དམིགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་གཞུང་དོན་ཁང་དང་ཤང་ཀང་དང་ཨའོ་མོན་གྱི་མཉམ་འབྲེལ་གཞུང་དོན་ཁང་གིས་ཚེས་11ཉིན་རྒོལ་གཏམ་ནན་པོ་བཏང་བ་མ་ཟད་རྨས་སྐྱོན་ཕོག་པའི་ཉེན་རྟོག་པར་འཚམས་འདྲི་ཡང་བྱས་པ་རེད།

                རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་གཞུང་དོན་ཁང་གིས“གཏུམ་སྤྱོད་བཀག་འགོག་དང་སྒྲིག་ལམ་སླར་གསོ་བྱ་རྒྱུ”ནི་མིག་སྔར་ཤང་ཀང་གི་ལས་དོན་མཐའ་དག་ལས་ལྷག་པའི་གལ་འགངས་ཆེ་ཤོས་དང་དགོས་གཏུག་ཆེ་ཤོས་ཀྱི་ལས་འགན་ཞིག་རེད་ཅེས་བསྟན་ཡོད།

               རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་གཞུང་དོན་ཁང་གི་གསར་འགྱུར་མགྲིན་ཚབ་པ་དབྱང་ཀོང་གིས་སྨྱོ་ཧམ་ཆེ་ཞིང་མཇུག་འབྲས་ལ་བསམ་བློ་མི་གཏོང་བའི་ཉེས་གསོག་བྱེད་སྤྱོད་ཚབས་ཆེན་དེ་རིགས་ལ་ང་ཚོས་ཁོང་ཁྲོ་ཆེན་པོ་དང་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ཞེས་གསུངས་པ་དང་། དུས་མཚུངས་སུ་རྨས་སྐྱོན་ཕོག་པའི་ཉེན་རྟོག་པར་འཚམས་འདྲི་གནང་བ་རེད།

             དབྱང་ཀོང་གིས་ཤང་ཀང་ཉེན་རྟོག་རུ་ཁག་ནི་ཤང་ཀང་གི་སྤྱི་ཚོགས་བདེ་འཇགས་དང་ཁྲིམས་སྐྱོང་སྲུང་སྐྱོང་བྱེད་པའི་རྐང་འཛིན་སྟོབས་ཤུགས་ཤིག་རེད། ཟླ་བ་གཉིས་ལྷག་ཙམ་རིང་ཤང་ཀང་གི་ཉེན་རྟོག་ལས་དོན་མི་སྣས་རང་འགན་གཙང་སྒྲུབ་དང་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་གཏུམ་སྤྱོད་བཀག་འགོག་དང་ཟང་ཟིང་གི་འཐབ་ས་དང་པོར་མངོན་པའི་ཆེད་ལས་ཀྱི་བཟོད་སྒོམ་དང་ལེགས་སྐྱེས་གལ་ཆེན་ཕུལ་བ་མིག་ལྡན་ཀུན་གྱིས་མཐོང་སྟེ། རྒྱ་ཆེའི་ཤང་ཀང་གི་གྲོང་མི་ཚུད་པའི་ཞི་བདེ་བརྟན་ལྷིང་ལ་དགའ་བའི་མི་ཚང་མའི་བླ་ན་མེད་པའི་གུས་བཀུར་ཐོབ་ཡོད། འོན་ཀྱང་ཉིན་ཤས་བསྟུད་མར་ཤང་ཀང་གི་དྲག་སྐྱོད་པ་ཚོས་ཉེན་ཁ་ཤིན་ཏུ་ཆེ་བའི་ཡོ་བྱད་ལ་བརྟེན་ནས་ཉེན་རྟོག་པར་ཚུར་རྒོལ་ཡང་ཡང་བྱས་པ་མ་ཟད་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཐོན་འགོ་ཚུགས་པ་དེ་ནི་ཤང་ཀང་གི་ཁྲིམས་སྐྱོང་དང་སྤྱི་ཚོགས་སྒྲིག་ལམ་ལ་རྩུབ་སྤྱོད་ཀྱིས་རྡོག་བརྫིས་བྱས་པ་ཞིག་དང་ཤང་ཀང་གི་གྲོང་མིའི་ཚེ་སྲོག་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བྱས་པ་ཞིག་དང་ཤང་ཀང་གི་དར་རྒྱས་བརྟན་ལྷིང་ལ་འགྲན་སློང་ཚབས་ཆེན་བྱས་པ་ཞིག་རེད། འདི་ལྟ་བུའི་སྤྱོད་ངན་ལ་ངེས་པར་དུ་བློ་ཐག་རྦད་བཅད་དང་། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་སྙིང་རྗེ་གཏན་ནས་བྱེད་མི་རུང་། ང་ཚོས་ཤང་ཀང་ཉེན་རྟོག་རུ་ཁག་དང་ཁྲིམས་འཛིན་སྒྲིག་གཞིས་འཕྲལ་ཐག་ཆོད་པོས་ཁྲིམས་འཛིན་དང་ཁྲིམས་འཛིན་ནན་པོ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་ཁྲིམས་འགལ་ཉེས་ཅན་ཁྲིམས་ལ་གང་མགྱོགས་སྦྱོར་རྒྱུ་ཡིན་ཞེས་གསུངས་པ་རེད།

              དབྱང་ཀོང་གིས་ཤང་ཀང་ནི་འགག་རྩའི་དུས་སྐབས་གལ་ཆེན་ཞིག་ཏུ་སླེབས་ཡོད། ཤང་ཀང་གི་མདུན་ལམ་ལ་སེམས་ཁུར་བྱེད་མཁན་ཚང་མ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཡར་ལངས་ཏེ་ཉེས་གསོག་གི་སྤྱོད་ངན་མཐའ་དག་ལ་དགག་ལན་སྤྲོད་དགོས། དྲག་ཤུགས་པ་ཡོད་ཚད་ལ་དགག་ལན་སྤྲོད་དགོས། “གཏུམ་སྤྱོད་བཀག་འགོག་དང་སྒྲིག་ལམ་སླར་གསོ་བྱ་རྒྱུ” ནི་མིག་སྔར་ཤང་ཀང་གི་བྱ་བ་མཐའ་དག་ལས་ལྷག་པའི་ལས་འགན་གལ་ཆེ་ཤོས་དང་དགོས་གཏུག་ཆེ་ཤོས་དེ་ཡིན་ཞེས་གསུངས་ཡོད།

              ཤང་ཀང་མཉམ་འབྲེལ་གཞུང་དོན་ཁང་གིས་གལ་སྲིད་འཇིགས་སྐུལ་བྱ་སྤྱོད་ཤང་ཀང་དུ་ཁྱབ་ཚེ་མཐིལ་མེད་གཡང་གཟར་དུ་འགྱུར་རྒྱུ་རེད་ཅེས་བརྗོད་ཡོད།

              ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་དོན་ཁང་གི་འགན་འཁུར་བ་ཡན་ཀྲེང་གིས་འཛམ་གླིང་ཐོག་གི་ས་ཆ་གང་རུང་ཞིག་ཏུ་མི་རྣམས་ཁོང་ཁྲོ་ལངས་སུ་འཇུག་པའི་ཐལ་ཆེ་བའི་བྱེད་སྤྱོད་འདི་རིགས་གཏན་ནས་བཟོད་བསྲན་མི་ཐུབ། གལ་ཏེ་འཇིགས་སྐུལ་བྱ་སྤྱོད་འདི་དག་རྒྱ་ཡན་དུ་བཏང་ན། ཤང་ཀང་ནི་མཐིལ་མེད་པའི་གཡང་གཟར་དུ་ལྷུང་རྒྱུ་རེད་ཅེས་བཤད་ཡོད།

                འགན་འཁུར་བ་དེས་འཇབ་རྒོལ་ཁྲོད་རྨས་སྐྱོན་ཕོག་པའི་ཉེན་རྟོག་པར་འཚམས་འདྲི་ཟབ་མོ་ཞུས་པ་དང་། ཤང་ཀང་ཉེན་རྟོག་རུ་ཁག་གིས་ཁྲིམས་འགལ་གཏུམ་སྤྱོད་ཀྱི་དོན་རྐྱེན་བསྟུད་མར་ཐག་གཅོད་བྱེད་སྐབས་ལས་གནས་བརྟན་སྲུང་དང་། ལྷག་བསམ་རྣམ་དག་གིས་འགན་སྒྲུབ་པ། ཆེད་ལས་རང་བཅུན་དང་ཁྲིམས་འཛིན་ནན་པོ་བྱེད་པ་བཅས་ཀྱི་ཐད་སྙིང་དབུས་ནས་གུས་བཀུར་དང་བླ་ན་མེད་པའི་གུས་འདུད་ཞུས་པ་མ་ཟད། ཉེན་རྟོག་རུ་ཁག་ཡོངས་ཀྱི་ནང་མི་དང་གཉེན་ཉེ་ཚོས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་གནང་བར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད།

              འགན་འཁུར་བ་དེས་མིག་སྔར་ཤང་ཀང་གི་རྒྱ་ཆེའི་གྲོང་མིའི་ཁ་ཚ་དགོས་གཏུགས་ཀྱི་འདུན་པ་ནི་གང་མགྱོགས་གཏུམ་སྤྱོད་བཀག་འགོག་བྱས་ནས་ཤང་ཀང་གི་སྤྱི་ཚོགས་བརྟན་ལྷིང་དང་བདེ་འཇགས་སླར་གསོ་ཐུབ་པ་བྱ་རྒྱུ་དེ་རེད། སྤྱི་ཚོགས་ཡོངས་ཀྱིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་གཏུམ་སྤྱོད་ཉེས་གསོག་པར་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་རང་ཉིད་ཀྱི་ཁྱིམ་གཞིས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་ཤང་ཀང་གི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ་ནན་བཤད་གནང་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།