ལུང་ཤུར་འབྱོར་བ་རྒྱས།། དམངས་ཀྱི་འཚོ་བ་འཕེལ།།

ཁྲོ་ཆུ་རྫོང་གི་ལུང་ཤུར་དཔལ་འབྱོར་འཕེལ་བས་དབུལ་བྲལ་གནད་སྒྲོལ་ཡོང་བར་སྐུལ་བའི་ཟུར་བྲིས།

རྩོམ་པ་པོ།   ཨོ་རྒྱན་བཀྲ་ཤིས།དུས་ཚོད།   2019-08-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                         ཟླ་7པའི་ཁྲོ་ཆུའི་ནམ་མཁའ་སྔར་བས་སྔོ་ཞིང་ཆུ་བོ་དེ་བས་དྭངས། རྡོ་ཁ་གྲོང་རྡལ་སྒྲི་ཏོ་གྲོང་ཚོའི་་མུའུ་330ལྷག་ཙམ་ཡོད་པའི་ལི་སོབ་ཀྱི་སྐྱེས་འབྲས་ལེགས་པས་ལི་སྡོང་གི་ཡལ་རབ་ཏུ་དུད་ཡོད་ལ། ཉེ་འགྲམ་གྱི་སྤྲུ་ནག་ཞིང་ཁར་ལོ་ལེགས་ཀྱི་སྙེ་མོའི་མགོ་ལྕོག་ལྡེམ་ཞིང་འབྲས་བཟང་གི་དྲི་མ་ཕྱོགས་ཀུན་དུ་འཐིལ་གྱིན་འདུག

                       འདི་ནི་ཁྲོ་ཆུ་རྫོང་གིས་ལུང་ཤུར་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་། མང་ཚོགས་ཕྱུག་འགྱུར་དང་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་གི་སྤྱི་ཚོགས་སུ་བསྐྱོད་པའི་གོམས་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྫོང་ཡོངས་ཀྱི་མི་དམངས་ཀུན་ལ་དབུལ་བྲལ་གནད་སྒྲོལ་གྱི་ལམ་བུ་གསར་བ་ཞིག་བསྟན་ཡོད།  

གསོ་སྦྱོང་རྟེན་གཞི་བཙུགས་པས།། འབངས་ཀྱི་འཚོ་བ་འཕེལ་ལོ།། 

                       2013ལོ་ཚུན་ནས། ཁྲོ་ཆུ་རྫོང་གིས་ཞིང་ལས་ཐོན་ལས་ཀྱིས་ལོ་དང་པོར་རྨང་གཞི་གདིང་བ་དང་། ལོ་གཉིས་པར་གཞི་ཁྱོན་ཆེ་རུ་གཏོང་བ། ལོ་གསུམ་པར་རིམ་པ་འཕར་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། སྔོ་ཚལ་དང་། བོད་ཕག སྔ་སྨིན་སྟར་ཀ བྱ་དེ། ས་གནས་ཀྱི་ཀྲུང་ལུགས་སྨན་རྫས་རྒྱུ་ཆ། ཁྲོ་ཆུའི་སྦྲང་རྩི་བཅས་ཐོན་ལས་གཙོ་དྲུག་གིས་ལུང་ཤུར་དཔལ་འབྱོར་གྲུབ་ཡོད།   

                        མི་སེར་ཚོར་ས་ཞིང་མུའུ་རེ་ནས་་ཡོང་འབབ་སྒོར་ཁྲི་གཅིག་ཡན་ཡོང་བ་བྱེད་འདོད་པ་ནི། ཚན་རིག་ལག་རྩལ་དང་ཞིང་ལས་ཕྱུགས་ལས་ཆུ་དོན་ཅུས་ཀྱི་མཐོ་རིམ་ཞིང་ལས་ལག་རྩལ་པ་ཆི་ཤིང་ལུའུ་ཡི་ཀྲུང་གོའི་ཕུགས་འདུན་རེད་འདུག  

                        ཕུགས་འདུན་དེའི་ཆེད་དུ། 2014ལོར་ཆི་ཤིང་ལུའུ་ཡིས་རང་གི་གསོག་དངུལ་ཡོད་ཚད་བཏོན་ཏེ། རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་2600ཡོད་པའི་རི་མཐོའི་དབུལ་ཕོངས་གྲོང་ཚོ་སྟེ། རྡོ་ཁ་གྲོང་རྡལ་སྒྲི་ཏོ་གྲོང་ཚོར་ས་ཞིང་མུའུ་85འདེབས་འཛུགས་བྱས་པས། རང་ཁུལ་གྱི་ཆེས་ཐོག་མའི་ཚན་རྩལ་མི་སྣས་སྣེ་འཁྲིད་པའི་རི་སྐེད་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་དང་པོ་བཙུགས་ནས། ཚད་ལྡན་གྱི་འདེབས་འཛུགས་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་ལི་སོབ་4860ཐོན་སྐྱེད་བྱས་པས། རིམ་བཞིན་སྡོང་མགོར་ལི་སོབ་དང་སྡོང་རྩར་སྔོ་ཚལ་དང་ཀྲུང་ལུགས་སྨན་རྩྭ་འདེབས་པའི་འདེབས་འཛུགས་བྱེད་སྟངས་ཆགས་ཏེ། གྲོང་ཚོ་ཡོངས་ཀྱི་མང་ཚོགས་རྣམས་འདེབས་འཛུགས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་འཇུག་པར་སྐུལ། 

                        སྒྲི་ཏོ་གྲོང་ཚོའི་ཚེ་རིང་འཚོས། ངས་ཆི་ཤིང་ལུའུ་དང་ལྷན་དུ་ལི་སོབ་མུའུ་7འདེབས་འཛུགས་བྱས་ནས། ལི་སྨིན་དུས་བཙོངས་བར་སྒོར་ཁྲི་འགའ་ལོན། ཁོས་ང་ཚོར་ཕྱུག་འགྱུར་གྱི་ལམ་བུ་གསར་བ་ཞིག་བསྟན་ཡོད་པས། ཆི་ཤིང་ལུའུ་ང་ལ་མཚོན་ན་དྲིན་ཆེན་ཡིན། ཞེས་ཟེར།

                       2016ལོ་ནས་བཟུང་སྒྲི་ཏོ་གྲོང་ཚོའི་དབུལ་ཕོངས་་དུད་ཚང་དག་གིས་སྤྲུ་ནག་བཏབ། སྔོན་དཔག་བྱས་པ་ལྟར་ན་ད་ལོ་བསྡུ་རུབ་བྱ་ཆོག་པ་རེད། ཚེ་རིང་འཚོ་དགོད་ཞོར་དུ། ངས་སྤྲུ་ནག་མུའུ་10བཏབ་པ་ཡིན། ཕལ་ཆེར་ས་ཞིང་མུའུ་རེ་ནས་སྤྲུ་ནག་སྤྱི་རྒྱ་400ཡས་མས་ཙམ་ཐོན་སྐྱེད་བྱེད་ཐུབ།   ལོ་སྔོན་མའི་སྤྲུ་ནག་གི་རིན་གོང་ལྟར་ན་ཡོང་འབབ་སྒོར་16ཡས་མས་ཡོད་པས་སྔོན་གྱི་འདེབས་འཛུགས་ལས་རིགས་ལས་ཡོང་འབབ་ཧ་ཅང་མོད་པོ་རེད། ཅེས་ཟེར། 

                       རྡོ་ཁ་གྲོང་རྡལ་གྱི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། རྡོ་ཁ་གྲོང་རྡལ་གྱིས་རྫོང་ཡོངས་ཀྱི་ཐོན་ལས་གཙོ་བོ་དྲུག་གཞིར་བཟུང་ནས། ལུང་ཤུར་དཔལ་འབྱོར་གྱིས་སྐྱེ་ཁམས་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་མ་བྱས་ཡོད། 

                        མིག་སྔར། གྲོང་རྡལ་འདིས་ས་གནས་ཀྱི་ཀྲུང་ལུགས་སྨན་རྫས་རྒྱུ་ཆ་མུའུ་1578དང་། ལི་སོབ་མུའུ་1640། གཡེར་མ་མུའུ་700བཅས་འདེབས་འཛུགས་བྱས་ཡོད། སྒྲི་ཏོ་གྲོང་ཚོས་ལི་སོབ་མུའུ་330འདེབས་འཛུགས་བྱས་པ་དེས་དབུལ་ཕོངས་ཁྱིམ་ཚང་13་གྱིའ་མུའུ་51འདེབས་འཛུགས་བྱེད་པར་སྐུལ་མ་བྱས་ཤིང་། སྤྲུ་ནག་མུའུ་460བཏབ་པ་དེས་དབུལ་ཕོངས་ཁྱིམ་ཚང་26གིས་ས་ཞིང་མུའུ་142འདེབས་འཛུགས་བྱེད་པར་སྐུལ་མ་བྱས་པས། གྲོང་ཚོ་ཡོངས་ལ་སྤྱི་པའི་དཔལ་འབྱོར་ཡོད་པར་བྱས། དེ་མིན་ནོར་གནག་གསོ་སྤེལ་ལྟེ་གནས་ཕྱིར་གླས་པར་སྒོར་ཁྲི་3ལོན་ཡོད་དོ།།

ཁྱད་ལྡན་ཐོན་ལས་སྤེལ་བས།། ཕྱུག་འགྱུར་ལམ་དུ་ཞུགས་སོ།།

                        ཁྲོ་ཆུ་རྫོང་ཚི་པིར་ཡུལ་ཚོ་ཧྲིན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྟ་མགྲིན་གྱིས། ད་སྐབས། ང་ཚོའི་གྲོང་མི་ཚོས་བོད་ཕག་གསོས་ཞིང་ཁྲོ་ཆུའི་སྦྲང་རྩི་གསོག་པས་ཡོང་སྒོ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། ལྷག་པར་དུ་དབུལ་བྲལ་གནད་འཁེལ་གྱི་སྲིད་ཇུས་ལག་ཏུ་བསྟར་བ་ནས་བཟུང་། དབུལ་ཕོངས་ཁྱིམ་ཚང་དག་གིས་རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་ལ་བརྟེན་ནས་གསོ་སྤེལ་ལས་རིགས་རྒྱ་བསྐྱེད་པས། ཡོང་སབབ་སྔར་བས་བཟང་ཞིང་འཚོ་བའི་ཆུ་ཚད་ཀྱང་ཇེ་བཟང་སུ་སོང་སྟེ། སྔ་མོ་ནས་དབུལ་ཞྭ་ཕུད་ཡོད། ཅེས་ཟེར།

                        ལོ་འདི་དག་གི་རིང་དུ། ཁྲོ་ཆུ་རྫོང་གིས་དབུལ་བྲལ་གནད་སྒྲོལ་གྱི་སྲིད་ཇུས་ལག་བསྟར་བྱས་པས། ཚི་པིར་ཡུལ་ཚོ་རུ་བོད་ཕག་དང་ཁྲོ་ཆུའི་སྦྲང་རྩི་གཉིས་ཐོན་ལས་གཙོ་བོར་བཟུང་བའི་ཐོན་ལས་ཀྱི་རྣམ་པ་གསར་བ་ཞིག་གྲུབ་སྟེ། མང་ཚོགས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཡུལ་ཚོ་འདིར་བོད་ཕག་གི་གསོ་གཞི་5་བཙུགས་ཡོད་པ་དང་དེ་རུ་ཕག་350ལྷག་གསོས་ཡོད་ལ། ཁྲོ་ཆུའི་སྦྲང་རྩིའི་རྟེན་གཞི་7བཙུགས་ཡོད་པར་སྦྲང་སྒམ་650ཡས་མས་བཀོད་སྒྲིག་བྱས་ཡོད་པ་རེད།

                      2018ལོར། ཚི་པིར་ཡུལ་ཚོས་དབུལ་སྐྱོར་ལས་ཁུངས་ཕུན་ཀྲུའུ་དང་ཡུན་རིང་གི་མཉམ་འབྲེལ་འོག བོད་ཕག་104དང་ཁྲོ་ཆུའི་སྦྲང་རྩི་རྒྱ་མ་3000ལྷག་ཕུན་ཀྲུའུ་གྲོང་ཁྱེར་དུ་སྐྱེལ་འདྲེན་བྱས་ཏེ། ཕྱིར་ཚོང་དངུལ་སོ་སོར་སྒོར་ཁྲི་25དང་16ལྷག་བླངས་པ་དང་། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིསཐབས་ལམ་གཞན་པ་སྤྱད་དེ་བོད་ཕག་50དང་ཁྲོ་ཆུའི་སྦྲང་རྩི་རྒྱ་མ་1200ལྷག་ཕྱིར་བཙོངས་བར་སོ་སོར་སྒོར་ཁྲི་10དང་7ལྷག་བླངས་པས། ཡུལ་ཚོའི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་མི་དམན་པ་འཐོབ།

                       ཡུལ་གཅིག་དང་གནས་གཅིག་གི་དཔལ་འབྱོར་རྟེན་གཞིས་ཁོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་བར་སྐུལ་མ་བྱས་ཤིང་། ལུང་ཤུར་རེར་ཐབས་ཇུས་རེའི་སྲིད་ཇུས་ཀྱིས་ཡུལ་བབ་དང་བསྟུན་པའི་སྒོ་ནས་སྣ་མང་ཐོན་ལས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ཡོད། ཁྲོ་ཆུ་རྫོང་གིས་གཅིག་གྱུར་གྱིས་འཆར་འགོད་བྱས་པར། ལུང་ཤུར་སྲིད་ཇུས་ཀྱིས་རིམ་བཞིན་སྣ་མང་གི་ལུང་ཤུར་ཐོན་ལས་གྲུབ་པར་རོགས་འདེགས་མི་དམན་པ་ཐོབ་ཡོད་པས། ལུང་ཤུར་དཔལ་འབྱོར་གྱིས་ཕྱུག་འགྱུར་གྱི་ལམ་བུ་བསྙེག་བཞིན་ཡོད། དེ་བས་ཁྲོ་ཆུ་རྫོང་དུ། མང་ཚོགས་རྣམས་ལུང་ཤུར་དཔལ་འབྱོར་ལ་རྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་འཇུག་མཁན་ཇེ་མང་ནས་ཇེ་མང་འགྲོ་བཞིན་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།