སེམས་ཁམས་བཟང་པོ་སྨན་རྫས་ཀུན་གྱི་མཆོག

རྩོམ་པ་པོ།   དུས་ཚོད།   2019-08-13   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

                         ལོ་ལྔའི་སྔོན་ལ་ལོ50ལ་བུད་མ་ཐག་པའི་ངས་རང་ཉིད་ལ་བསམ་བསེའུ་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་གཉིས་མཉམ་དུ་ཕོག་ཡོད་པ་ཤེས་རྗེས།སྨན་པའི་ཁར་མཉན་ཏེ་གཤགས་བཅོས་ཐེངས་འགར་བྱས་པ་དང་། དེ་ནས་བཟུང་དུས་བཅད་ལྟར་རྫས་འགྱུར་སྨན་བཅོས་བྱེད་ཞོར་རང་ཉིད་ཀྱི་སེམས་ཤུགས་དྲག་པོར་བརྟེན་ནས་ལོ་ལྔའི་རིང་ལ་འབྲས་སྐྲན་དང་འཐབ་འཛིང་བྱས་པ་བརྒྱུད། ད་ལྟ་ནད་གཞི་ལས་རྣམ་པར་རྒྱལ་ཏེ་སངས་དྲག་ཏུ་སོང་ཡོད།

                         འབྲས་སྐྲན་ཕོག་ཡོད་པ་ཤེས་རྗེས།ང་ལ་འཇིགས་སྐྲག་གང་ཡང་སྐྱེས་མ་མྱོང་ལ།འབྲས་སྐྲན་ཕོག་པ་དེ་ཇི་འདྲའི་ཡ་ང་བའི་བྱ་བ་ཞིག་ཏུའང་བསམ་མ་མྱོང་བར་མ་ཟད།དེ་ལས་ལྡོག་སྟེ་རང་ཉིད་ཀྱི་འཚོ་བའི་སྤུས་ཀ་ཇེ་མཐོར་བཏང་ནས་ཚེ་མཇུག་གི་འཚོ་བ་དགའ་དགའ་སྤྲོ་སྤྲོའི་ངང་རོལ་རྒྱུ་དང་།ཚེ་སྲོག་ལ་གཅེས་སྤྲས་བྱས་ཏེ་ཉི་མ་རེ་རེ་བཞིན་དོན་སྙིང་ལྡན་པའི་སྒོ་ནས་རོལ་རྒྱུའི་སེམས་ཐག་བཅད་པ་ཡིན།སྨན་ཁབ་རྒྱག་ཞོར་ཉེ་འགྲམ་གྱི་ནད་གྲོགས་རྣམས་ལ་དགའ་དགའ་སྤྲོ་སྤྲོའི་ངང་གླེང་མོལ་བྱེད་པ་དང་སྨན་ཁབ་བརྒྱབ་ཚར་རྗེས་གླུ་དབྱངས་ལེན་ཞོར་ཕྱི་རོལ་ལ་འཆམ་འཆམ་དུ་སོང་བས།ལོ་འདི་འགའི་རིང་ང་རང་ལ་ད་རུང་རྐང་ཐང་ལ་འགྲོ་བའི་གོམས་སྲོལ་ཞིག་ཀྱང་ཆགས།ཐོག་མར་སྤྱི་ལེ་གཉིས་ནས་གསུམ་རེ་སོང་བ་དང་ལུས་པོ་ཇེ་བདེར་སོང་བ་དང་བསྟུན་ནས་རིམ་གྱིས་ཇེ་མང་དུ་བཏང་སྟེ།ད་ལྟ་ཉིན་རེར་སྤྱི་ལེ་ཉི་ཤུར་རྒྱུན་འཁྱོངས་སྒོས་འགྲོ་བཞིན་ཡོད་པས།ངའི་གཟུགས་གཞི་ནི་ན་གཞོན་ཞིག་ལས་ཀྱང་བཟང་།འབྲས་སྐྲན་ལ་འཐབ་འཛིང་བྱེད་པའི་ཁྲོད།ང་ལ་ཉམས་མྱོང་ཞིག་ཐོབ་པ་ནི།སྨན་པར་ཡིད་ཆེས་བྱས་ཏེ་སྨན་པ་དང་མཉམ་དུ་འབྲས་སྐྲན་ལ་འཐབ་རྒྱུ་དང་འཚོ་བར་ཡིད་ཆེས་ཟབ་མོ་བཅངས་ནས་སེམས་ཁམས་ལ་བདག་སྐྱོང་ལེགས་པོ་བྱེད་དགོས་པ་དེ་རེད།ངས་རང་ཉིད་ཀྱི་སེམས་ཤུགས་དྲག་པོར་བརྟེན་ནས་འབྲས་སྐྲན་ལ་འཐབ་འཛིང་བྱས་པར་མ་ཟད།ད་རུང་ཉེ་འགྲམ་གྱི་འབྲས་སྐྲན་ནད་པ་མང་པོ་ཞིག་ལ་སེམས་ཀྱི་འཇིགས་སྐྲག་དོར་ཏེ་འབྲས་སྐྲན་འཛུམ་གྱིས་བསུ་དགོས་པའི་སྐུལ་ལྕག་བཏང་བ་ཡིན།

                        ནད་གྲོགས་འཇིགས་བྱེད་འཚོ་ལ་མངལ་སྐེའི་འབྲས་སྐྲན་བྱུང་ཡོད་པས།གཤགས་བཅོས་བྱས་རྗེས་རྫས་འགྱུར་སྨན་བཅོས་བྱེད་ཀྱིན་པའི་སྒང་རེད།སེམས་པ་སྡུག་གིས་མནར་ཏེ་ལུས་པོ་སྐམ་ཞིང་རིད་འདུག་ལ། སྨན་ཁབ་བརྒྱབ་ཚར་རྗེས་ཀྱང་མལ་ཁྲིའི་སྟེང་དུ་ཉལ་ནས་འགུལ་སྐྱོད་མི་བྱེད་པར་མ་ཟད་ཟ་མའང་བཟའ་འདོད་མེད་པར་ཉིན་རེར་སྲན་ཁུ་ཉུང་ཙམ་འཐུང་བ་ལ་བརྟེན་ནས་ཉི་མ་འདའ་བཞིན་འཆི་བར་སྒུག་འདུག ང་རྒྱུན་དུ་མོའི་གམ་དུ་སོང་ནས“འབྲས་སྐྲན་ལ་སྐྲག་མི་རུང་བ་དང་།སེམས་ཁམས་བཟང་པོ་ནི་སྨན་རྫས་ཀུན་གྱི་མཆོག་ཡིན་པས།འབྲས་སྐྲན་ལས་རྣམ་པར་རྒྱལ་འདོད་ན་གཙོ་བོ་རང་ཉིད་ཀྱི་སེམས་ཁམས་ལ་བདག་སྐྱོང་བྱེད་དགོས་ཤིང་།སེམས་ཁམས་བཟང་ན་ད་གཟོད་སྨན་བཅོས་ལའང་ནུས་པ་ཐོན་ཐུབ”པ་སོགས་ཀྱི་ཁ་ཏ་མང་དུ་བྱས་པར་མ་ཟད།ད་རུང་སུང་མེ་ལེན(宋美龄)སོགས་བུད་མེད་ནད་པ་མང་པོ་ཞིག་གི་ལོ་རྒྱུས་བཤད་དེ་སྐུལ་ལྕག་བཏང་བ་ཡིན། “སུང་མེ་ལིན་ལ་ལོ40ཡི་སྟེང་ནུ་མའི་འབྲས་སྐྲན་བྱུང་བ་དང་། གཤགས་བཅོས་བྱས་རྗེས་དགུང་ལོ106བཞེས་པ་རེད།མོས་ཀྱང་སེམས་ཁམས་བཟང་པོ་ནི་སྨན་རྫས་ཡོད་ཚད་ཀྱི་མཆོག་ཡིན་པས་སེམས་ཁམས་ལ་བདག་སྐྱོང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་བཤད་མྱོང”ཅེས་ཁ་བརྡ་ཡང་ཡང་བྱས་པ་ན།འཇིགས་བྱེད་འཚོ་ཡིས་མགོ་བོ་ཡར་བཀྱགས་ནས་བློ་གཅིག་སེམས་གཅིག་གིས་ངའི་ཁ་བརྡར་ཉན་ཞིང་གདོང་གི་སྡུག་མདོག་རིམ་གྱིས་ཡལ་ཏེ་འཛུམ་མདངས་མངོན་བྱུང་།ཉིན་དེ་ནས་བཟུང་ང་ཕྱི་རོལ་ལ་འཆམ་འཆམ་དུ་འགྲོ་བའི་སྐབས་སུ་མོ་ཡང་ངའི་རྗེས་དེད་དེ་འཆམ་འཆམ་ལ་འགྲོ་བས།ངས་མོར་མིག་དཔེ་བསྟན་ནས་གོམ་པ་ཤུགས་ཀྱིས་སྤོས་ཤིང་ལག་པ་ཤུགས་ཀྱིས་གཡུག་པས་ན།མོས་ཀྱང་ང་ལ་ལད་མོ་བྱས་ཏེ་དེ་ལྟར་བྱེད་པ་རེད།ཉིན་འགའི་རྗེས་སུ་མོ་དགའ་སྤྲོའི་ངང་ངའི་མདུན་དུ་ཡོང་ནས“ཁྱོད་ཀྱི་ཁར་ཉན་ཏེ་སེམས་ཁམས་ལ་བདག་སྐྱོང་བྱས་པ་ནས་བཟུང་ཟ་མ་བཟའ་འདོད་ཡོད་པར་མ་ཟད། གོམ་པ་ཇེ་ཡང་དུ་སོང་ནས་ལུས་ལ་ཤུགས་རྒྱས་པའི་ཚོར་སྣང་བྱུང་སོང”ཟེར་བ་དང་།ཡང་ཉིན་འགའ་འགོར་རྗེས་མོའི་ཁྱམས་ར་ནས་སྐད་གསང་མཐོན་པོས་ང་ལ་འཚམས་འདྲི་བྱེད་ཞོར“སྨན་པས་བཤད་ན་ངའི་ནད་གཞི་ཇེ་དགར་སོང་འདུག་ཟེར”ཞེས་གདོང་ལ་འཛུམ་གྱིས་ཁེངས་བཞིན་བཤད།

                         ཁ་གཏད་ནད་ཁང་གི་ནད་པ་ཀླུ་མོ་སྐྱིད་ལའང་མངལ་འབྲས་ཕོག་ཡོད་པས།བཟའ་ཟླ་གཉིས་ཀྱི་སེམས་པའང་སྡུག་གིས་མནར་འདུག ང་རྒྱུན་དུ་ཁོ་གཉིས་ཀྱི་ནད་ཁང་དུ་སོང་ནས་ཁ་བརྡ་བྱས་ཏེ་སྐུལ་ལྕག་བཏང་བ་དང་།འབྲས་སྐྲན་ལ་རྒོལ་བའི་གོ་རིམ་ཁྲོད་ནད་པས་རང་ཉིད་ཀྱི་སེམས་ཁམས་ལ་བདག་སྐྱོང་ལེགས་པོ་བྱེད་དགོས་པར་མ་ཟད།ཁྱིམ་མིས་ཀྱང་སེམས་ཁམས་ལ་བདག་སྐྱོང་ལེགས་པོ་བྱས་ཏེ་ནད་པའི་སེམས་ཀྱི་མགོན་སྐྱོབ་བྱེད་དགོས་པའི་ཁ་ཏ་སློབ་གསོ་མང་དུ་བྱས་པ་ན།རིམ་གྱིས་བཟའ་ཟླ་གཉིས་ཀྱི་གདོང་ལའང་འཛུམ་མདངས་མངོན་ཞིང་།ཁྱམས་རར་ཡོང་ནས་ང་དང་མཉམ་དུ་འཆམ་འཆམ་ལ་འགྲོ་བ་དང་ཁ་བརྡ་བྱེད་རྒྱུར་དགའ་བར་གྱུར།འབྲས་སྐྲན་ནད་པར་རྒྱུན་དུ་ཁ་བརྡ་བྱེད་པ་དང་སྐུལ་ལྕག་བཏང་སྟེ།སེམས་ཀྱི་འཇིགས་སྐྲག་དང་དངངས་འཚབ།ཡི་མུག སེམས་སྡུག་སོགས་དོར་ཏེ་འཚོ་བར་ཡིད་ཆེས་དང་རེ་ལྟོས་བྱེད་དུ་འཇུག་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ།དེ་ལ་སྨན་རྫས་གསོ་བཅོས་དང་ནུས་མཚུངས་ཀྱི་ཕན་འབྲས་ལྡན།

                       ནད་ཐོག་ལག་ལེན་གྱི་གཞི་གྲངས་ཆེན་མོར་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན།དེང་གི་དུས་འདིར་འབྲས་སྐྲན་འབྱུང་ཚད་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་ཡོད་ལ།2017ལོའི་བར།རང་རྒྱལ་དུ་སྐར་མ་གཅིག་གི་རིང་ལ་མི་བདུན་རེར་འབྲས་སྐྲན་ནད་ངོས་འཛིན་བྱེད་ཀྱིན་ཡོད།དེའི་ནང་དུ་ནུ་མའི་འབྲས་སྐྲན་དང་གློ་བའི་འབྲས་སྐྲན།མངལ་སྐེའི་འབྲས་སྐྲན།མངལ་འབྲས་བཅས་ནི་བུད་མེད་ཀྱི་བདེ་ཐང་ལ་གནོད་འཚེ་ཐེབས་ཚད་ཆེས་མཐོ་བའི་གཤེད་མ་ཆེན་པོ་བཞི་ཡིན་པས།དེ་དག་གིས་བུད་མེད་ཀྱི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བཞིན་ཡོད།འབྲས་སྐྲན་ལ་གསོ་བཅོས་བྱེད་སྐབས་སྨན་པའི་ངག་ལྟར་དུས་ཐོག་ཏུ་སྨན་བསྟེན་པ་དང་བཟའ་བཏུང་ལ་དོ་སྣང་བྱེད་རྒྱུ་ལས་གཞན་ད་རུང་སེམས་ཁམས་སྟེང་གི་གསོ་བཅོས་ཀྱང་ཤིན་ཏུ་གལ་ཆེའོ། །

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།