སློབ་གསོ་མྱོང་བའི་ཐོབ་ཐང་དང་འོས་འགན།

སློབ་ཆེན་སྐབས་སུ་སློབ་མར་མངལ་ཆགས་ན། སློབ་གྲྭས་གནས་དབྱུང་གཏོང་ཆོག་གམ།

རྩོམ་པ་པོ།   དུས་ཚོད།   2019-08-13   རྩོམ་ཁུངས།   

【གྱོད་དཔེ།】

                 སློབ་ཆེན་ག་གེ་མོའི་ལོ་རིམ་གསུམ་པའི་སློབ་མ་ཚེ་སྒྲོན་དང་མོའི་དགའ་རོགས་གཉིས་ལྷན་དུ་བསྡད་པས་མངལ་ཆགས། གནས་ཚུལ་དེ་སློབ་གཙོས་ཤེས་རྗེས་སློབ་གྲྭའི་མཚན་སྙན་ལ་ཤིན་ཏུ་གནོད་པར་འདོད་དེ། ཚེ་སྒྲོན་དང་མོའི་དགའ་རོགས་སློབ་གྲྭ་ནས་གནས་དབྱུང་བཏང་། དེས་ན། སློབ་ཆེན་སྐབས་སུ་སློབ་མར་མངལ་ཆགས་ན། སློབ་གྲྭར་གནས་དབྱུང་གཏོང་བའི་ཐོབ་ཐང་ཡོད་དམ།

【བཅའ་ཁྲིམས་དབྱེ་ཞིབ།】

                  སློབ་གསོ་མྱོང་བའི་ཐོབ་ཐང་ནི་རྩ་ཁྲིམས་ཀྱིས་སྤྱི་དམངས་ལ་བསྩལ་བའི་གཞི་རྩའི་ཐོབ་ཐང་ཡིན། བཅའ་ཁྲིམས་སུ། སློབ་ཆེན་སྐབས་སུ་སློབ་མར་མངལ་ཆགས་ན། སློབ་གསོ་མྱོང་བའི་ཐོབ་ཐང་མེད་པར་གཏོང་ཆོག་པ་བཀས་བཅད་མེད། དེ་ལྟ་བས་ན། སློབ་གྲྭས་ཚེ་སྒྲོན་དང་མོའི་དགའ་རོགས་གཉིས་ལ་ཆད་པ་གཅད་ཆོག་ཀྱང་། སློབ་གྲྭ་ནས་གནས་དབྱུང་གཏོང་བའི་ཐོབ་ཐང་མེད། དེ་ལྟར་གྱུར་ན་སྤྱི་དམངས་ཀྱི་སློབ་གསོ་མྱོང་བའི་ཐོབ་ཐང་སྣང་མེད་དུ་བཏང་བ་རེད།

གཞན་ཡང་། སྤྱི་ལོ་2005ལོའི་ཟླ་9ཚེས་1ཉིན་ནས་བཟུང་སྟེ། རང་རྒྱལ་གྱིས《སློབ་ཆེན་སློབ་མའི་བྱ་སྤྱོད་ཚད་འཛིན》དང《སློབ་ཆེན་ཕལ་བའི་སློབ་མའི་དོ་དམ་གཏན་འཁེལ》ལག་ཏུ་བསྟར། སློབ་ཆེན་སློབ་མར་འཁྲིག་སྦྱོར་གྱི་ཐོབ་ཐང་ཡོད་པར་མ་ཟད། གཉེན་སྒྲིག་ཀྱང་བྱས་ཆོག་པ་གོང་གི་ཡིག་ཆ་འདི་གཉིས་སུ་བཀས་བཅད་ཡོད། དེ་ལྟ་བས་ན། སློབ་ཆེན་སྐབས་སུ་མངལ་ཆགས་ན། སློབ་གྲྭར་གནས་དབྱུང་གཏོང་བའི་ཐོབ་ཐང་ཡེ་ནས་མེད།

【བཅའ་ཁྲིམས་ཀྱི་ཤེས་བྱ།】

               《སློབ་ཆེན་ཕལ་བའི་སློབ་མའི་དོ་དམ་གཏན་འཁེལ》གྱི་དོན་ཚན་ང་གཉིས་པར། སློབ་མ་སྒྲིག་ཁྲིམས་སོགས་དང་རྒྱབ་འགལ་དུ་ཕྱིན་ཚེ། སློབ་གྲྭས་ཁ་ཏ་བསླབ་བྱ་གཏོང་བ་དང་ཆད་པ་གཅད་ཆོག་པ་གཏན་ལ་ཕབ་ཡོད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།