འཛམ་ཐང་རྫོང་གིས་ཛམ་བྷ་ལའི་རིག་གནས་བགྲོ་གླེང་བྱ་འགུལ་སྤེལ།

རྩོམ་པ་པོ།   དུས་ཚོད།   2019-08-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ་མགོན་པོ་ཚེ་བརྟན།)  ཟླ་8པའི་ཚེས་10ཉིན། འཛམ་ཐང་རྫོང་གིས་དུས་རབས་གསར་བའི་ནང་དངོས་མིན་ཤུལ་བཞག་རིག་གནས་ཇི་ལྟར་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་བ་བརྗོད་བྱར་བཟུང་ནས་རིག་གནས་བགྲོ་གླེང་བྱ་འགུལ་འཛམ་ཐང་རྫོང་འཛམ་ཐང་སྟོད་མ་ཡུལ་ཚོའི་ཛམ་བྷ་ལའི་བོད་ལུགས་རྫ་རྩལ་བརྒྱུད་སྦྱོང་ཁང་ནས་སྤེལ། བྱ་འགུལ་ཡུལ་དངོས་སུ་རྫོང་རིམ་པའི་འགོ་ཁྲིད་དང་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ། འབྲེལ་ཡོད་ཆེད་མཁས་པ་སོགས་མི་300ལྷག་ཞུགས་ཡོད།

            བྱ་འགུལ་ཁྲོད། ཚང་མས་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་རིག་གནས་ལྗོངས་སྐོར་འཕེལ་རྒྱས་སོགས་ཀྱི་སྐོར་ནས་བགྲོ་གླེང་བྱས་ལ། འབྲེལ་ཡོད་ཆེད་མཁས་པ་ཚོས་རང་གི་བསམ་ཚུལ་བཏོན་ནས་ཛམ་བྷ་ལའི་དངོས་མིན་ཤུལ་བཞག་རིག་གནས་ཅི་ལྟར་འཕེལ་རྒྱས་གཏོང་དགོས་པར་ཁ་ཕྱོགས་བསྟན།

            འཛམ་ཐང་རྫོང་ནི་རྔ་བ་ཁུལ་གྱི་ནུབ་ཕྱོགས་དང་སི་ཁྲོན་དང་མཚོ་སྔོན། ཀན་སུའུ་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད་ཅིང་། དེར་དག་ཞིང་གི་གནས་མཆོག་ཛམ་བྷ་ལ་ཞེས་པའི་མཚན་སྙན་ཡོད། དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་ཆེད། འཛམ་ཐང་རྫོང་གིས་རིག་གནས་སྟོབས་ལྡན་གྱི་རྫོང་དུ་འབད་བརྩོན་བྱེད་བཞིན་པ་མ་ཟད་། མ་དངུལ་བཏང་ནས་འཛམ་ཐང་རྫོང་གིས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་ནས་མིག་སྔར་ཐང་ག་དང་བོད་ཀྱི་ཟློས་གར། རྡོ་བརྐོས་སོགས་རིགས་མི་འདྲ་བའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཁྲིད་སྦྱོང་ཁང་27བཙུགས་ཡོད་ལ། ཞིང་འབྲོག་མང་ཚོགས་ཀྱིས་རང་ས་རང་ཡུལ་ནས་ལས་ཞུགས་བྱས་ནས་དབུལ་བྲལ་ཕྱུག་འགྱུར་གྱི་རྣམ་པ་གསར་བར་འབད་བཞིན་ཡོད་ཅིང་། དུས་མཚུངས་སུ་རིག་གནས་སྟོབས་ལྡན་རྫོང་དུ་འགྱུར་བར་རྨང་གཞི་འདིང་བཞིན་ཡོད།

              ཤེས་གསལ་ལྟར་ན། རྫོང་འདིའི་ལོ་གཉིས་རེའི་ནང་དམངས་ཁྲོད་ལག་རྩལ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་ནས་དམངས་སྲོལ་ལག་རྩལ་འཕེལ་རྒྱས་བཏང་སྟེ། ལག་རྩལ་འཇོན་ཐང་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད། དེ་བཞིན་ལོ་རེའི་ཛམ་བྷ་ལའི་དུས་ཆེན་སྐབས་སུ་ཛམ་བྷ་ལའི་སྐོར་བྲོ་དང་རྟ་རྒྱུགས་འགྲན་བསྡུར། དེ་མིན་སྙན་ངག་གྱེར་འདོན་དང་བརྙན་ལེན་འགྲན་བསྡུར་སོགས་རིག་གནས་དང་འབྲེལ་བའི་བྱ་འགུལ་སྣ་མང་སྤེལ་བཞིན་ཡོད་པས་ཛམ་བྷ་ལའི་རིག་གནས་ཀྱི་དག་ཞིང་ཞིག་ངང་གིས་བསྐྲུན་བཞིན་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།