ཨ་མདོའི་རོང་ཁུལ་གྱི་ཐབ་ཀ་དང་ཐབ་ལྷ་གླེང་བ།

རྩོམ་པ་པོ།   དཔལ་བཟང་སྒྲོལ་མ།དུས་ཚོད།   2019-08-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དང་པོ། ཐབ་ཀའི་སྒྲིག་བཟོའི་སྐོར།

              དེ་ཡང་མིའི་རིགས་འཚོ་གནས་བྱེད་པར་ཁ་ཟས་དང་འབྲལ་ཐབས་མེད་ལ་མིའི་རིགས་ཀྱི་སྡོད་གནས་གཏན་འཇགས་སུ་གྱུར་བ་དང་བསྟུན་ནས་ཐབ་ཀའི་སྒྲིག་བཟོ་དང་དེ་འབྲེལ་གྱི་རིག་གནས་ཐད་ནས་ཡང་ཅུང་གཏན་འཇགས་ཀྱི་གོམས་སྲོལ་སོགས་ཆགས་ཡོད། དེ་ལས་ཨ་མདོ་རོང་ཁུལ་གྱི་ཁྱིམ་ཚང་སོ་སོར་མཚོན་ན་ཐབ་ཚང་ནི་ཁང་པ་ལས་ཆེས་གཙོ་བའི་ཁང་པར་བརྩི་ལ། དེའང་གཙོ་བོ་དུས་རྒྱུན་ཁྱིམ་མི་ཡོངས་འདུས་ནས་ཟས་རིགས་སྣ་ཚོགས་ལོངས་སུ་སྤྱོད་ཡུལ་དང་མགྲོན་པོ་སོགས་སྣེ་ལེན་བྱ་ཡུལ་ཡིན། སྤྱིར་བཏང་དུ་ཁྱིམ་གཞི་ལས་ཁང་པ་གསར་ཏུ་རྒྱག་པ་དང་མཉམ་དུ་ཐབ་ཀ་བཟོ་ཞིང་། ཐབ་ཀའི་གནས་ཡུལ་ནི་ཁང་པའི་ལོགས་གཅིག་གི་རྩིག་གྱང་ལ་སྔས་ཏེ་བརྩིགས་སྲོལ་ཡོད། རྒྱུ་ཆའི་ཐད་ནས་རྨང་འདིང་བ་ལ་ས་དང་རྡོ། སོ་ཕག ལྕགས་སོགས་གཙོ་བོར་བྱས་ནས་བཟོ་ཞིང་། ཕྱིའི་རྣམ་པའི་ཆ་ནས་ཁྱིམ་སོ་སོའི་མོས་པ་ལྟར་དབྱིབས་དང་ཆེ་ཆུང་སོགས་ལ་རང་རང་སོ་སོའི་ཁྱད་ཆོས་ཡོད། ཐབ་ཀ་ཕལ་ཆེ་བའི་དབྱིབས་ནི་གྲུ་བཞི་ནར་མོའི་གཟུགས་ཡིན་ལ་ཁྱིམ་ཚང་མང་ཆེ་བས་ཐབ་ཀ་གཅིག་གི་སྟེང་དུ་སླ་ང་གཉིས་སྐྱོན་ཆོག་པར་སྒྲིག་བཟོ་བྱེད། དེ་ལས་ཐབ་གཅིག་ནི་ཟས་རིགས་སྣ་ཚོགས་གཡོ་སྐོལ་བྱེད་ས་དང་། ཅིག་ཤོས་ནི་ཕལ་ཆེ་བས་ཆུ་ཁོལ་སོགས་བསྐོལ་བ་ལས་དམར་ཟས་རིགས་གཡོ་སྦྱོར་མི་བྱེད་པར་དབྱེ་བ་སོ་སོར་ཕྱེ་ཡོད་ལ་དེ་ལ་གློ་ཐབ་ཅེས་ཀྱང་འབོད། ཡང་ཐབ་ཀ་སྒྲིག་བཟོ་བྱེད་སྐབས་ཁང་པར་དུད་དྲེག་གིས་མི་གནོད་པ་དང་མེ་དྲོད་སོགས་གང་ལེགས་ངང་བེད་སྤྱོད་བྱ་ཆེད་ཐབ་ཀའི་གོང་དུ་རྡོ་སོགས་བེད་སྤྱོད་བྱས་ནས་ཚ་ཐབ་བཟོས་ཡོད། དེ་ལྟར་བྱས་ཚེ་རྡོ་སོགས་དྲོན་མོར་འགྱུར་ཐུབ་པས་ཉལ་ས་དྲོན་མོ་ཞིག་རང་ཤུགས་ཀྱིས་གྲུབ་ཐུབ་པ་སོགས་ཀྱི་དགེ་མཚན་ཡང་ལྡན། ཐབ་ཀའི་ཟུར་དུ་ཨོང་བ་འཇོག་སའི་ཨོང་ར་ཞིག་ཀྱང་བཟོས་ཤིང་། དེ་ཡང་ཐབ་ཀ་ལས་བུད་ཤིང་སོགས་བཞག་ནས་མེ་སྦར་སའི་ཁུང་བུ་དེ་ལ་རོང་ཁུལ་གྱི་མི་རྣམས་ཀྱིས་ཐབ་ཁུང་ངམ་ཐབ་གུང་ཞེས་འབོད་བཞིན་ཡོད། ཐབ་ཀྱི་མདུན་དེ་ལ་མེ་རོ་འཇོག་སའི་གོ་ར་ཡོད། དེ་ལྟར་ཐབ་ཀ་དང་འབྲེལ་ནས་ཐབ་མདོ་དང་གོ་ཁ་གོ་ར་སོགས་ཀྱི་ཐ་སྙད་ཀྱང་བྱུང་ཡོད། 

གཉིས་པ། ཐབ་ཀའི་གཙང་སྦྲ་སྐོར།

                དེ་ཡང་ཐབ་ཀའི་གཙང་སྦྲ་ལ་ཕྱོགས་གཉིས་འདུས་ཏེ། གཅིག་ནི་རྡུལ་ཕྱིས་ནས་དག་པར་འཇུག་པ་ལས་གཞན། ཐབ་ཀའི་སྟེང་ལ་འགོམ་མི་རུང་བ་དང་ཐབ་ཁུང་ནང་དུ་གད་སྙིགས་སོགས་མི་གཙང་བའི་དངོས་པོ་གང་བྱུང་དུ་མི་འཕེན་པ། ལྷག་པར་དུ་ཤ་རིགས་ནི་དམར་ཟས་ཡིན་པས་ཐབ་ཁུང་ནང་དུ་ཤ་རིགས་གཏན་ནས་འཕེན་མི་རུང་བའི་སྲོལ་དེའོ། དེ་ནི་ཐབ་ཀ་ལ་ཐབ་ལྷ་ཞེས་བདག་བྱེད་མཁན་ཁྱད་འཕགས་ཅན་ཞིག་ཡོད་པར་ཡིད་ཆེས་པས་ཡིན། དེ་ནི་བོད་མིའི་འདུ་ཤེས་སུ་སྔ་མོ་ནས་མེ་ལྷའམ་ཐབ་ལྷ་ཞེས་པ་ཞིག་ཡོད་པར་བསམ་པའི་འདུ་ཤེས་དང་འབྲལ་ཐབས་མེད།

གསུམ་པ། ཐབ་ཀའི་གོ་གནས་སྐོར།

              དུས་རྒྱུན་འཚོ་བའི་ཁྲོད་ནས་ཐབ་ཀའི་མདོ་རུ་མེ་ལ་ལྡེ་བ་དང་ཟས་རིགས་སོགས་ལོངས་སུ་སྤྱོད་ལ། དེ་ཡང་ཐབ་ཀའི་ཉེ་འཁོར་ལས་སྡོད་སྟངས་ཐད་ནས་ཐབ་ཀ་ལས་ཨོང་ར་དང་ཉེ་བའི་སར་བུད་མེད་ཚོ་འདུག་པ་དང་དེ་ནི་ཟས་གཡོ་སྦྱོར་དང་མེ་འབུད་གཏོང་སོགས་སྟབས་བདེ་བས་ཡིན། དེ་དང་ཁ་གཏད་ཀྱི་ཕུགས་ལ་སྤྱིར་བཏང་དུ་སྐྱེས་པ་དང་རྒན་པ། མགྲོན་པོ་སོགས་འདུག་པ་བཅས་གོ་ཁའི་གཡས་གཡོན་གྱི་སྡོད་གནས་ལ་ཁྱད་པར་ཅུང་ཙམ་ཡོད། ཁྱིམ་ལ་མགྲོན་པོ་སླེབས་དུས་གོ་ཁའི་ཕུགས་ལ་སྡོད་དུ་འཇུག་པ་ལས་འདབས་སུ་སྡོད་དུ་བཅུག་ན་གུས་ལུགས་དང་མི་མཐུན་པ་ལྟ་བུ་ཞིག་ཏུ་བརྩི་ངེས། ཡང་དུས་རྒྱུན་ཐབ་ཀའི་ཕྱོགས་ལ་རྐང་པ་མི་བསྲིང་བ་དང་ལྷག་པར་དུ་ཐབ་ཀའི་སྟེང་དུ་འགོམ་པ་ནི་གཏན་ནས་མི་རུང་བར་བརྩི། གོན་པ་སོགས་གཞན་ནས་ཁྱེར་ཡོང་བའམ་མནོལ་གྲིབ་ཕོག་པར་སེམས་ཁྲལ་བྱེད་སྐབས་ཐབ་ཀའི་མེའི་སྟེང་གཡུག་གཡུག་བྱས་རྗེས་མནོལ་གྲིབ་བམ་མི་གཙང་བ་སེལ་འགྲོ་བར་བསམ།

བཞི་པ། ཐབ་ཀ་དང་འབྲེལ་བའི་དད་མོས་སྐོར།

            ཐབ་ཀ་ལ་གཙང་སྦྲ་དང་དང་དོད་སྣ་ཚོགས་བྱེད་པའི་འདུ་ཤེས་འདི་ནི་སྲོལ་རྒྱུན་འདུ་ཤེས་ཤིག་ཡིན་ལ་གནའ་བོའི་དུས་ནས་ཨ་མདོའི་རོང་ཁུལ་གྱི་དམངས་ཁྲོད་དུ་དར་ཁྱབ་ཏུ་སོང་ཡོད་པར་ངེས། བོད་མིའི་འཚོ་བའི་ཁྲོད་ནས་ཡུལ་ཕྱོགས་སྤྱི་ལ་ཡུལ་ལྷ་དང་། སྡེ་པའམ་ཚོ་པ་རེ་ལ་སྤྱི་མཐུན་གྱི་གཞི་བདག་རེ་ཡོད་པ་དང་། ཁྱིམ་ཚང་རེ་ལ་སྲུང་མ། དེ་བཞིན་ཐབ་ཀ་རེ་ལ་ཡང་ཐབ་ལྷ་ཡོད་པར་ངོས་འཛིན་བྱེད། དེ་དང་འབྲེལ་ནས་ད་དུང་ཟས་ལྷ། ནོར་ལྷ། སྒོ་ལྷ་སོགས་ལྷ་རིགས་མང་པོ་ཡོད་པར་ངོས་འཛིན་ཞིང་། ལོ་རེ་རེར་དེ་དག་སོ་སོར་བསང་གསོལ་བྱེད་པའི་སྲོལ་ཡང་ཡོད། ཡིན་ཡང་ལྷ་མང་པོ་ཞིག་ལ་སྒོས་སུ་མིང་སོ་སོ་མེད་པར་ཁྱིམ་ལྷ་དང་ཐབ་ལྷ་སྒོ་ལྷ་ཞེས་སྤྱི་མིང་ལས་བྱེ་བྲག་གི་མིང་ཞིག་མེད་པས་དོན་དམ་དུ་གང་འདྲ་ཡིན་པའི་གཟུགས་བསྟན་དུ་མེད་པ་ཞིག་ཡིན།

            དེ་ན་ཐབ་ལྷའི་དད་མོས་བཤད་པར་སྔོན་ལ་དེ་དང་འབྲེལ་བའི་མེ་ལྷ་གཙོ་བོར་བཤད་དགོས་ཏེ། སྔོན་ལ་མེ་ཐབ་ལ་དྲངས་པ་ནས་བཟུང་རིམ་བཞིན་དེ་ལས་ཐབ་ལྷ་སོགས་ཀྱི་འདུ་ཤེས་ཆགས་པ་ནི་དུས་ཀྱི་བྱུང་རིམ་གྱི་སྔ་ཕྱི་ལས་ཤེས་སླ་བ་ཞིག་ཡིན།

1.མེ་ཡི་དད་མོས།

           སྤྱིར་མིའི་རིགས་ཀྱིས་མེ་ངོས་ཟིན་པ་དང་དེ་བཀོལ་སྤྱོད་བྱེད་ཤེས་པའི་བར་ལ་ཡུན་རིང་གི་དུས་ཚོད་བརྒྱུད་ཡོད་པ་དང་། མེ་ཡིས་ཡོད་ཚད་གཞོམ་པར་ནུས་པའི་ཆ་ནས་མིའི་རིགས་ཀྱིས་དེ་ལ་མི་ལས་འདས་པའི་ནུས་པ་ཁྱད་པར་ཅན་ཡོད་པར་ཞེད་སྣང་དང་དངངས་སྐྲག་ཡོད་ལ། ཡང་མེ་ཡི་སྤྱོད་སྒོ་ངོས་ཟིན་པར་གྱུར་ནས་མེ་ལ་བརྟེན་ནས་གྲང་ངར་དང་གཅན་གཟན་སོགས་རང་བྱུང་གི་འཇིགས་པ་སྣ་ཚོགས་ལས་སྐྱོབ་པར་བྱས་པ་ཡིན་པས་མེ་ལ་གདོད་མ་ནས་དད་མོས་བྱེད་པ་འཛམ་གླིང་གི་མི་རིགས་ཡོངས་ཀྱི་སྤྱི་མཐུན་གྱི་རིག་གནས་སྣང་ཚུལ་ཡིན་པར་མིའི་རིགས་རིག་པའི་གཞུང་ལུགས་སུ་བཤད་དོ།། དེ་ཡང་གདོད་མའི་དུས་སུ་འབར་ཞུན་དང་མེ་ཆ་སོགས་མེད་པས་མེ་གསོ་བ་ནི་ཧ་ཅང་དཀའ་བའི་ལས་ཤིག་ཡིན་པར་བརྗོད། དེ་བས་མེ་ལ་གཅེས་སྤྲས་ཡག་པོ་བྱེད་པའི་སྲོལ་བྱུང་། གལ་ཏེ་མེ་ཞུ་ཚེ་མི་ལེགས་པ་ཞིག་ལ་ངོས་འཛིན་བྱེད། གདོད་མའི་མི་རིགས་ཁྲོད་ནས་མེ་ནི་ལེགས་སྐྱེས་ཞིག་ལ་ངོས་འཛིན་སྲོལ་ཡོད་པར་མ་ཟད། དེ་ལ་དགའ་བསུ་བྱེད་པའི་མཚོན་དོན་ཡོད་དེ། ས་ཆ་塔斯马尼亚ཡི་ཡུལ་མིས་ཡོ་རོབ་པ་དང་ཐོག་མར་འཕྲད་པའི་དུས་སུ་དཔལ་འབར་སྒྲོན་ནས་དགའ་བསུ་བྱེད་སྲོལ་ཡང་ཡོད་པ་ལྟ་བུ།

          གདོད་མའི་དད་མོས་ཁྲོད་དུའང་མེ་དང་འབྲེལ་བའི་དད་མོས་ཡོད་དེ་རིགས་སོ་སོའི་ཁྲོད་ནས་མེ་ལ་འགོམ་མི་ཕོད་པའམ་ཡང་ན་མེ་སྦར་བའི་སྐབས་སུ་དེ་ལ་གསོལ་འདེབས་བྱེད་པ་སོགས་ཀྱི་ལུགས་སྲོལ་ཡོད། ཡང་པར་ཟིག་(波斯)ལྷ་ཁང་ལས་མེ་ནི་ཁྱད་དུ་འཕགས་པའི་མཚོན་རྟགས་ལྟ་བུ་ཡིན་པ་བཅས་ལས་མེ་ལ་མནོལ་གྲིབ་སེལ་བའམ་ནད་རིགས་སྣ་ཚོགས་ལ་སྨན་བཅོས་བྱེད་པའི་ནུས་ལྡན་ཀྱི་ལྷ་རྫས་ཞིག་ལ་ངོས་འཛིན་སྲོལ་ཡོད། དེ་ན་ལོ་རྒྱུས་ཀྱི་འཕེལ་རིམ་རིང་མོའི་ཁྲོད་ནས་མིའི་རིགས་ཀྱིས་གང་ལེགས་སྒོས་མེ་བེད་སྤྱོད་བྱེད་ཤེས་པ་མ་ཟད་མི་རིགས་སོ་སོས་རང་གི་རིག་གནས་དང་མཐུན་པའི་འདུ་ཤེས་དང་བཅས་མེ་ལ་ངོས་འཛིན་མི་འདྲ་བ་གང་མང་བྱུང་ཡོད།

2.བོད་མིའི་མེ་ཡི་ངོས་འཛིན་སྟངས།

            བོད་མི་རིགས་ཀྱི་འཚོ་བའང་མེ་དང་འབྲེལ་བ་དམ་པོ་ཡོད་དེ། བོད་མིའི་འཚོ་བའི་ཁྲོད་དུ་མེས་ཟས་རིགས་སོགས་གཡོ་སྦྱོར་བྱེད་པའི་སྤྱི་མཐུན་གྱི་རིན་ཐང་ལས་གཞན། མེ་ལ་བརྟེན་ནས་མནོལ་གྲིབ་སེལ་བ། གནའ་བོའི་བོད་ཀྱི་ཆབ་སྲིད་ཀྱི་བྱ་བ་དམག་འདྲེན་གཡུལ་འགྱེད་བྱེད་པའི་སྐབས་ལ་མེ་ཡི་བརྡ་གཏོང་བ། མེ་ཡིས་ལྷ་བསང་གཏོང་བ། མེ་ཐོ་སློང་བ། སྦྱིན་སྲེག་བྱེད་པ་སོགས་དེ་དག་ནི་མེ་དང་འབྲེལ་བ་ཡོད་ལ།དེ་ཡང་དམངས་ཁྲོད་ཆོས་ལུགས་ནང་དུ་ཡུལ་ལྷ་དང་། ཆུ་ལྷ། ཤིང་ལྷ། མེ་ལྷ། གནས་རི་གཞི་བདག རླུང་ལྷ་སོགས་ལྷ་རིགས་མང་པོ་ཐོན་དོན་ནི་དངོས་ཟོག་ཐམས་ཅད་ལ་བླ་སྲོག་གམ་བདག་པོ་ཡོད་པར་འདོད་པའི་གདོད་མའི་བསམ་བློ་ལས་བྱུང་བ་ཞིག་ཡིན་པར་འདོད།

             སྲིད་པ་རྒྱུད་ཀྱི་བོན་ལས་སེལ་གྱི་ཆོ་གའི་ལག་ལེན་སྐོར་ནས་སེལ་གྱི་སྒོ་ཇི་སྙེད་ཅིག་བཞུགས་པ་དེ་རྣམས་ལས་དེང་དུས་བན་བོན་ཐུན་མོང་ལ་ཤིན་ཏུ་གྲགས་ཆེ་བའི་སེལ་སྒོ་ནི་བསང་གི་རིགས་རྣམས་ཡིན་ཞིང་། དེ་ལས་བསལ་བྱ་ནི་མནོལ་གྲིབ་སོགས་མི་གཙང་བའི་རིགས་རྣམས་ཡིན་པ་དང་སེལ་བྱེད་ཀྱི་གཙོ་བོ་ནི་བསང་དང་ཚན་ཞེས་བྱ་བ་དེ་གཉིས་ཡིན། དེ་ཡང་མེ་དང་འབྲེལ་བ་དམ་པོ་ཡོད་དེ། བསང་གི་ངོ་བོ་དང་བྱེད་ལས་གཙོ་བོ་ནི་མནོལ་གྲིབ་མི་གཙང་བའི་རིགས་རྣམས་བསང་བའམ་དག་པར་བྱེད་པ་སེལ་གྱི་སྒོ་ཞིག་ཡིན་པ་སྟེ་དེའི་ཚུལ་ནི་ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་གེ་ཁོལ་མནོལ་བསང་ལས། བསང་གི་རྒྱུ་འདི་གང་ནས་བྱུང་།།སྲིད་གསུམ་འདུས་པའི་རྩེ་མོ་ཡང་གོང་ན།།གནམ་ཕྱི་གུང་རྒྱལ་བདུད་རྩིའི་ཡུལ།།སྐུ་ལ་བདུད་རྩིའི་ཐུལ་པ་གསོལ།།ཞལ་ནས་བདུད་རྩིའི་ཆར་པ་འབེབས།།ཕྱག་ན་བདུད་རྩིའི་བུམ་པ་བསྣམས།།ལས་སུ་བདུད་རྩིའི་ཐང་ལ་བརྡལ།།ཉོན་མོངས་སྡུག་བསྔལ་འཇོམས་པ་དང་། །གེ་ཁོད་ལྷ་ཞལ་བལྟ་བའི་ཕྱིར།།དབུ་ཡི་སྨིན་མ་ཕྱད་ཕྱོད་ལ།།ཞལ་གྱི་མཆིལ་མ་ལྗགས་གང་ལ།།ཞལ་ནས་བདེན་པའི་སྨོན་ལམ་བཏབ།།མི་ཡུལ་གླིང་བཞིའི་འཇིག་རྟེན་ན།།ཉོན་མོངས་རྣམ་རྟོག་སྡུག་བསྔལ་མང་།།ནམ་རྟོགས་འཇོམས་པའི་རྩི་དང་སྨན།།ལྷ་རྒོད་ཐང་ཤིང་སྐྱེ་བར་ཤོག།གནམ་ནས་ས་ལ་གཏོར་བ་ལས།།དེ་ལ་བསང་གི་རྒྱུ་རུ་བྱུང་།།ཨ་ཀྲོང་དཀར་པོ་གངས་ཀྱིས་རྩི།།བདུད་རྩི་ཨ་བ་བྲག་གི་རྩི།།སྤྲ་བ་ཐོད་དཀར་སྤང་གི་རྩི།།སྤོས་མེ་དྲི་ཞིམ་རྫ་ཡི་རྩི།།མཁན་པ་གསེར་ལོ་གད་ཀྱི་རྩི།།ཤུག་པ་གཡུ་ལོ་ཉིན་གྱི་རྩི།།བ་སྤུ་དཀར་པོ་སྲིབ་ཀྱི་རྩི།།ཙན་དན་སྨུག་པོ་ནགས་ཀྱི་རྩི།།ཞང་ཞུང་སྲིད་པའི་བོད་པོ་ཡིས།།བདུད་རྩི་བསང་ཤིང་ལོ་བྲེགས་ནས།།ཉོན་མོངས་དུག་མཚོན་མེ་ལ་བསྲེགས།།མེ་སྟག་དྲག་པོའི་ཐོག་རྒོད་འཕྲོས།།གདུག་པོའི་དགྲ་བགེགས་ཁོ་ཐག་བཅད།།མེ་ལྕེ་བར་སྣང་ཁམས་སུ་ཁྱབ།།ཉོན་མོངས་རྣམ་རྟོག་མུན་པ་གསལ།།འདགས་ལ་ས་གཞིའི་ཁོངས་སུ་ལྷག།ལྷ་དང་མི་ཡི་ལོངས་སྤྱོད་རྒྱུ།།ཐལ་བ་དུད་ཕྱེ་རླུང་གིས་གཏོར།།དགྲ་བགེགས་ཐལ་བ་བརྡུལ་དུ་རློག།དུད་པ་སྤྲིན་ཕུང་མཁའ་ལ་འཁྲིགས།།ལྷ་གསལ་དབལ་གྱི་ཤངས་ལ་ཐིམ། །དམེ་བ་དག་ལ་མནོལ་བ་བསང་།།ཞེས་མེ་ཡིས་མནོལ་གྲིབ་སོགས་སེལ་བར་བྱེད་པ་བཅས་བེད་སྤྱོད་བྱས་པ་ལས་རིམ་གྱིས་མེ་ལ་མཆོད་ཅིང་བཀུར་བས་ཐབ་ལྷ་སོགས་མེ་ཉིད་ལས་འཕྲོས་པའི་ཆོ་ག་མང་པོ་བྱུང་བ་དེ་ཡིན་ནོ།།

3.ཐབ་ལྷའི་ངོས་འཛིན་སྐོར།

            མེ་ཐབ་ལ་དྲངས་པ་ནས་རིམ་བཞིན་ཐབ་ཀ་ལའང་བདག་པོ་བྱེད་མཁན་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད། བོད་མིའི་འདུ་ཤེས་སུ་ཐབ་དེ་ལ་ལྷ་ཞིག་གིས་སྲུང་བའམ་བདག་པོ་བྱེད་པར་འདོད་པས། དེ་ལ་མི་འགོང་བ་དང་དེ་མཐུན་གྱི་མཆོད་གསོལ་བྱེད་སྲོལ་ཡང་ཆགས་ཡོད་པ་ལྟར་ཡིན། དེ་ལས་ཐབ་ལྷའི་ངོས་འཛིན་ཐད་ནས་རོང་ཁུལ་གྱི་མི་དམངས་ལ་ཐབ་ལྷ་ཞེས་མིང་གི་བརྡ་ཙམ་བསྟན་པས་སྐུ་དང་གཟུགས་སོགས་བསྟན་རྒྱུ་མེད་ཀྱང་ཀུན་གྱིས་ཐབ་ཀའི་བདག་པོའམ་ཐབ་ཀར་གནས་པའི་ལྷ་ཞིག་ཡིན་པའི་འདུ་ཤེས་སྐྱེས། དེ་ཡང་ལྷ་ཞེས་འབོད་པ་འདི་ལ་མྱང་འདས་ཀྱི་ལྷ་དང་འཇིག་རྟེན་པའི་ལྷ་ཞེས་གཉིས་ཡོད་པ་ལས་འདིར་ཐབ་ལྷ་ཞེས་འབོད་པའི་ལྷ་ནི་འཇིག་རྟེན་པའི་ལྷ་ལ་གོ་བ་ཡིན། ཡང་ས་ཆ་ལ་ལའི་བོད་ཀྱི་དམངས་ཁྲོད་དུ་མི་དང་དུད་འགྲོའི་ནད་ཇི་སྙེད་ཅིག་ཀླུ་ནད་དུ་ངོས་འཛིན་སྲོལ་འདུག་ལ། རྒྱ་མཚོ་ནི་ཀླུ་ཡི་རྒྱལ་པོ་དང་དེ་ཡི་འཁོར་རྣམས་འདུག་པའི་གནས་ཡིན་པར་སྨྲ་བ་དང་ཆབས་ཅིག་ཀླུ་ཆུང་ངུ་ཇི་སྙེད་ཅིག་ཁྱིམ་གྱི་ཐབ་དང་། ཆུ་ཡི་འགྲམ། ཤིང་གི་རྩ་བ་སོགས་ལ་གནས་པར་ངོས་བཟུང་ནས། དེའི་ཕྱོགས་སུ་གཙང་སྦྲ་ལེགས་པོ་བྱེད་པ་མ་ཟད། ཆུ་ནང་དང་ཤིང་གི་འགྲམ་དུ་ཆབ་ཆེན་དང་ཆབ་ཆུང་གཏོང་བར་འཛེམ་བྱ་ཆེན་པོ་བྱེད་ཅེས་ཐབ་ལ་གནས་པ་ནི་ཀླུ་ཆུང་ངུ་ཅིག་ཡིན་པར་གསུང་ཡོད་མོད། འདིར་རོང་ཁུལ་གྱི་མི་དམངས་རྣམས་ལ་མཚོན་ན་ཐབ་ལྷ་ཞེས་པ་ནི་ལྷ་ཞིག་ལ་ངོས་འཛིན་པ་ལས་ཀླུ་ཡིན་པའི་བཤད་སྲོལ་མི་འདུག།ཐབ་ཀའི་ནང་ལ་དམར་ཟས་རིགས་མི་འཕེན་པ་དང་སྐྲ་སོགས་མི་གཙང་བའི་རིགས་ཀྱང་འཕེན་མི་རུང་ལ།གལ་ཏེ་མི་གཙང་བར་བྱས་ན་ཁྱིམ་ལ་བཀྲ་མི་ཤིས་པའམ་མི་ལ་གནོད་པ་བྱུང་བར་འདོད། དེ་བས་ཕྱིའི་རྣམ་པའི་ཆ་ནས་མེ་གསོ་ཐབས་དང་ཁང་བའི་ཇུས་འགོད་སོགས་ཀྱི་དགོས་མཁོ་གང་རུང་གི་དབང་གིས་ཐབ་ཀའི་བཟོ་དབྱིབས་དང་ནུས་པ་སོགས་ལ་མི་རིགས་སོ་སོར་རང་རང་གི་ཁྱད་ཆོས་ཡོད་པ་ལས་གཞན།མི་རིགས་སོ་སོའི་ཐབ་ཀའི་ངོས་འཛིན་སྟངས་ཐད་ནས་ཀྱང་མི་འདྲ་བ་ཡོད་དོ།།

4.ཐབ་ལྷ་གསོལ་བའི་སྐོར།

             དེ་ཡང་ཁུ་བྱུག་སྔོན་མོའི་སྒྲ་དབྱངས་ལས།ད་ནི་བརྟན་ནོ་བྱེད་དེ་འདི་སྐད་དོ།།ཡོན་བདག་ཕོ་མོ་དད་ལྡན་ལ། ཚེ་སྲོག་དབང་ཐང་རྒྱས་པ་དང་། མི་ནོར་ཟས་བཅུད་བརྟན་པར་ཤོག།ཕོ་སྲོག་གསེར་ཀ་མ་ཆག་བརྟན། མོ་སྲོག་གཡུ་གདུང་མ་ཚིག་བརྟན། ཕུག་ལྷ་འོད་འབར་ཡར་ལ་བརྟན།འོད་ལྷ་འོད་ཁྱུག་དེ་ལ་བརྟན། ཞིང་ལྷ་ཚངས་པ་དེ་ནི་བརྟན། ཐབ་ལྷ་ཡུ་མོ་དེ་ནི་བརྟན། སྒོ་ལྷ་སྟག་གཡག་དེ་ནི་བརྟན། ཡོན་བདག་སྤྱི་བོའི་གཙུག་རུམ་ན། ལྷ་ནི་སྤྱི་གསས་ཁོར་བུ་བཞུགས། ལྷ་ནི་དེ་བཞུགས་དེ་ལ་བརྟན། སྐྱིད་ལ་ལོ་བརྒྱ་ཐུབ་པར་བརྟན། དགའ་ལ་སྟོན་བརྒྱ་མཐོང་བར་བརྟན། ཞེས་བོད་སྤྱི་པའི་དྲན་ཤེས་ལྟར་ན་གནའ་བོའི་བོན་ལུགས་ཞེས་པའི་ཆོས་ལུགས་དེ་ནི་ཡར་ལྷ་ལ་མཆོད་པ་དང་མར་འདྲེ་ལ་གླུད་རྫོངས་པའི་ཆོ་གའི་ནང་དོན་གཙོ་བོར་བྱེད་པའི་ཆོས་ལུགས་ཤིག་ཡིན་ལ། མིའི་རིགས་བཞིའི་མནོལ་གྲིབ་སེལ་ཚུལ་སྐོར་ནས་སྤེལ་བའི་ཆོས་ལུགས་ཆོ་གའི་ཁྲོད་དུའང་ཐབ་ལྷ་ཡུ་མོ་ཞེས་ངོས་འཛིན་ཚུལ་ཡོད་པ་དེའོ།། དེ་ཡང་ད་ལྟའི་དུས་སུ་ཐབ་ལྷ་གསོལ་བའི་ཆོ་ག་ནི་ཆོས་ལུགས་ཀྱི་ཆོ་ག་གཞན་དང་འདྲ་བར་གཟབ་རྒྱས་སོགས་མིན་ཡང་དེ་ལ་སྟབས་བདེའི་ཆོ་ག་ཞིག་ཡོད་དེ། ལོ་རེའི་གནམ་ལོ་གསར་ཚེས་པའི་གྲ་སྒྲིག་གོ་རིམ་ནང་གོ་རེ་དམར་པོ་སྟེ། སྣུམ་མོག་བཟོ་སྐབས་སྣུམ་གྱི་གོ་རེ་འགོ་མ་ཐབ་ཀའི་མེ་ལ་དྲངས་ནས་ཐབ་ལྷ་ལ་མཆོད་སྲོལ་ཡོད། གཞན་ཡང་ལོ་རེའི་གནམ་ལོ་གསར་ཚེས་ཀྱི་ལུགས་རྙིང་གི་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་དང་ཉེར་བཞི་ཉིན་གང་རུང་ལ་ཐབ་ཀར་འཇིམ་བག་སོགས་ཀྱིས་གསར་དུ་བྱུགས་ནས་མཛེས་པར་བྱེད་ལ། ཡང་ཨ་མདོའི་རེབ་གོང་གི་ས་ཆ་ཁ་ཤས་སུ་ལོ་གསར་ཚེས་གཅིག་ཉིན་ཟས་ཀྱི་འགོ་མ་ཐབ་ཀར་དྲངས་པ་དང་ཐབ་ལྷ་གཡང་མོ་ཞེས་ཐབ་ཀ་ལ་ཕྱག་འཚལ་བའི་སྲོལ་ཡང་ཡོད་པར་བཞེད། ཨ་མདོའི་ཁྲི་ཀ་སོགས་སུ་ཐབ་ལྷ་ཡུར་མོའམ་མྱུར་མོ་ཞེས་ཐབ་ལྷ་ནི་ཧ་ཅང་སྐྱེན་པོ་ཞིག་ཡིན་པར་ངོས་འཛིན། ཡིན་ཡང་དེ་ལ་འདོན་པ་སོགས་དམིགས་སུ་འདོན་རྒྱུ་མེད།རོང་ཁུལ་ནས་ཐབ་ལྷ་ནི་འཇིག་རྟེན་པའི་ལྷའི་ཁོངས་སུ་གཏོགས་པར་ངོས་འཛིན།དེར་དད་མོས་དང་གསོལ་མཆོད་བྱེད་པ་དེ་ཡང་ཚེ་འདིའི་མིག་སྔའི་ཁེ་ཕན་ནམ་བདེ་སྡུག་གི་ཆེད་དུ་ཡིན། ཐབ་ལྷ་ཞེས་འབོད་པ་ལས་མཐོང་བའི་གཟུགས་བསྟན་དུ་མེད་ཀྱང་གལ་ཏེ་ཐབ་ལྷ་མི་མཆོད་པ་དང་ཐབ་ཀར་མི་གཙང་བའི་དངོས་པོ་གང་རུང་འཕངས་པ་ཡིན་ན་ཁྱིམ་ལ་བཀྲ་མི་ཤིས་པའི་དོན་བྱུང་བར་འདོད་པ་ཡིན།

5.ཐབ་ལྷའི་དད་མོས་ཀྱི་ཁྱད་ཆོས།

            བོད་ཀྱི་ཐབ་ལྷ་མཆོད་པ་འདི་ནི་མང་ཚོགས་ཀྱི་རང་བཞིན་ལྡན་པའི་ཆོས་ལུགས་ཞིག་སྟེ། ས་གནས་ཀྱི་རང་བཞིན་དང་དེ་ལ་ཁེ་ཕན་གྱི་རང་བཞིན་འཇིག་རྟེན་སྐྱ་མིའི་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པ་སྟེ། གཅིག་ནི་དམངས་ཕལ་རང་བཞིན་གྱི་ཆོས་ལུགས་ལ་མོས་པ་དང་དད་གུས་བྱེད་སྟངས་ཤིག་ཡིན། གཉིས། ཆོས་ལུགས་ཆོ་གའི་བྱེད་པོ་དང་བྱེད་སྒོའི་ནང་བཞུགས་མཁན་གཙོ་བོ་སྐྱ་མི་ལས་གྲུབ་ཅིང་། ཆོས་ལུགས་ཀྱི་དམིགས་པའང་གཙོ་བོ་ཚེ་འདིའི་མིག་སྔའི་ཁེ་ཕན་དང་བདེ་སྡུག་ལ་ཕྱོགས་པ་ཞིག་ཡིན།གསུམ།དེ་ཉིད་བན་བོན་གྱི་ཆོས་ལུགས་དང་འགལ་མེད་མཉམ་གནས་སམ་བན་བོན་གང་རུང་གི་རྣམ་པའི་ཐོག་ནས་དམངས་ཁྲོད་དུ་རྒྱ་ཁྱབ་ཏུ་གནས་པ། བཞི། ཆོས་ལུགས་ཀྱི་ཆོ་ག་ཁག་ལ་དམིགས་བསལ་གྱི་དཔེ་རྒྱུན་བསྟན་རྒྱུ་མེད་ཅིང་། ཆོས་ལུགས་རང་ངོས་མ་ལག་ཅན་དུ་འགྱུར་ཐུབ་མེད། ལྔ། ཆོས་ལུགས་ཀྱི་ཕྱིའི་རྣམ་པ་དང་ནང་དོན་གང་ཅིར་བན་བོན་གཉིས་ཀའི་ཤན་བཞུགས་ནས་འབྲས་བུ་ཕུང་གསུམ་པ་ལྟར་སྣང་ཡང་དོན་དུ་དེ་གཉིས་ཀའི་ཁོངས་སུ་མི་གཏོགས་པ་བཅས་ཀྱི་ཁྱད་ཆོས་དང་ལྡན་ནོ།།

 ལྔ་པ། རིག་གནས་ཀྱི་འཕོ་འགྱུར་རང་བཞིན།

          རིག་གནས་ཤིག་ཁོར་ཡུག་གང་རུང་ལ་བསྟུན་ཐུབ་པ་དེའང་འཕོ་འགྱུར་གྱི་བརྒྱུད་རིམ་ཞིག་སྟེ། དཔལ་འབྱོར་འཕེལ་རྒྱས་དང་བསྟུན་ནས་དམངས་ཀྱི་སྡོད་གནས་ལ་ཡང་འགྱུར་བ་བྱུང་དང་འབྱུང་བཞིན་ཡོད། ཕྱོགས་གཅིག་ནས་རིག་གནས་ཀྱི་གསར་བསྐྲུན་ནུས་པ་ལ་བརྟེན་ཏེ་ཐབ་ཀར་མཚོན་ན་རིགས་མང་པོ་བྱུང་། ཁང་ཁྱིམ་གྱི་བཀོད་སྒྲིག་མི་འདྲ་བ་གཞིར་བཟུང་ནས་སླས་ར་ཡི་གནས་གང་རུང་ཞིག་ནས་དབྱར་ཐབ་ཅེས་གནས་སྐབས་ཀྱི་ཁ་ཟས་གཡོ་སྐོལ་བྱེད་སའི་ཐབ་ཀ་སྟབས་བདེ་ཞིག་བྱེད་སྲོལ་བྱུང་ཡོད། དེ་ནི་ཁང་ཁྱིམ་ནང་གི་ཐབ་ཀ་ལྟ་བུའི་བརྩི་མཐོང་ཆེན་པོ་མི་བྱེད་ལ་སྤྱིར་བཏང་དུ་ཐབ་ཀའི་མདུན་དུ་མེ་ར་མེད་ལ། གཙང་སྦྲའི་ཆ་ནས་ཀྱང་དང་དོད་དེ་འདྲ་མེད་པ་ཞིག་ཡིན། དེ་བཞིན་ཐབ་ལྷ་ལ་གསོལ་བའི་སྲོལ་ཡང་མེད། གཞན་ཞིག་ནི་ལྕགས་ཐབ་སོགས་དེང་སྐབས་ཀྱི་སྟབས་བདེའི་ཐབ་ཀའི་རིགས་ཐོན་པས་སྔར་གྱི་ཚབ་བྱས་ཡོད་དེ། དཔེར་ན། ཐབ་ཀ་དང་འབྲེལ་བའི་ཐ་སྙད་སྐོར་ཞིག་རིམ་བཞིན་ཉམས་པ་སྟེ། གོ་ཁ། ཐབ་ཁུང་། ཐབ་གཉའ། མེ་ར། གོ་ཁའི་འདབས་དང་ཕུགས་སོགས་ལྟ་བུ་རིམ་བཞིན་མི་བཀོལ་བ་ལྟ་བུ། གཞན་ཡང་འདུག་གནས་ཐད་ནས་སྤྱིར་སྐྱེས་པ་དང་མགྲོན་པོ་སོགས་གོ་ཁའི་ཕུགས་ལ་འདུག་པའི་སྡོད་སྟངས་ཐད་ཀྱི་ཁྱད་པར་དེ་ཉམས་པ།ད་ལྟའི་དུས་སུ་ལྕགས་ཐབ་བཙུགས་ཡོད་པའི་ཁང་ཁྱིམ་ལས་སྤྱིར་ལྕགས་ཐབ་ཀྱི་མཐའ་སྐོར་ནས་འདུག་པ་ལས་ཡར་དང་མར་གྱི་བར་སྟོང་གི་ཁྱད་པར་ཆེན་པོ་དབྱེ་སྲོལ་མི་འདུགགཞན་ད་དུང་ཐབ་ལྷའི་ངོས་འཛིན་ཐད་ནས་ཀྱང་སྔར་དང་འདྲ་བར་དང་དོད་ཆེན་པོ་མེད་པའམ་དེ་ཕྱོགས་ཀྱི་ངོས་འཛིན་ཀྱང་མག་མོག་ཏུ་གྱུར་འདུག་ལ་རིམ་བཞིན་དེར་གསོལ་མཆོད་བྱེད་པའི་ལུགས་དེའང་ཉམས་པར་གྱུར་རོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།