ཨ་མ།

རྩོམ་པ་པོ།   སྐལ་རྒྱམ།དུས་ཚོད།   2019-08-09   རྩོམ་ཁུངས།   

                  སྐལ་རྒྱམ།  དུས་རབས་ཉི་ཤུའི་ལོ་རབས་བདུན་བཅུའི་དུས་སྨད་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་སྒོ་མེ་ཚོ་བར་སྐྱེས་ཤིང་། ཕ་མ་བཟང་བོའི་སྐུ་དྲིན་དུ་སྔ་གཞུག་ཏུ་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་།  ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་འགྲིམས་ཤིང་།  སྤྱི་ལོ2006ལོར་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས་ཏེ་བོད་ལྗོངས་ཡིག་ཚགས་ཁང་དུ་བྱ་བར་ཞུགས།  ད་ལྟ་ལས་ཁུངས་དེ་གའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཡིན་ལ།  གཙོ་བོ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་དང་ཞིབ་འཇུག་གི་བྱ་བ་གཉེར་གྱིན་ཡོད། 1996ལོ་ནས་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་ད་ལྟའི་བར་དུ《ཀྲུང་གོའི་བོད་རིག་པ》དང《བོད་ལྗོངས་ཞིབ་འཇུག》《སྦྲང་ཆར》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《གངས་རྒྱན་མེ་ཏོག》སོགས་ཀྱི་སྟེང་དུ་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷག་དང་ལྷུག་རྩོམ་གཙོ་བྱས་པའི་སྒྱུ་རྩལ་རྩོམ་རིགས་མང་ཙམ་སྤེལ། རྩོམ་ཡིག་ཁ་ཤས་ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་མྱོང་། དཔྱད་རྩོམ་དང་ལྷུག་རྩོམ་ཁ་ཤས་མི་རིགས་དཔེ་སྐྲུན་ཁང་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་སོགས་ཀྱིས་པར་སྐྲུན་བྱས་པའི་འབྲེལ་ཡོད་བསྡུས་རྩོམ་དེབ་ཏུ་བདམས་ཡོད། 

1

                དོ་ནུབ་ཡང་ཨ་མ་རྨི་ལམ་དུ་རྨིས་བྱུང་།  ཁོང་གི་དུང་ལྟར་དཀར་བའི་སྐྲ་ལོ་དེ་རླུང་གིས་སྐྱོད་བཞིན་པ་རྨིས་བྱུང་།  ཁོང་གི་བལ་ལྟར་འཇམ་པའི་གསུང་འགྲོས་དེ་ལོ་ཟླས་སྐྱོམ་བཞིན་པ་རྨིས་བྱུང་།  ཨ་མ་ལགས།  ཁྱེད་ཀྱིས་དེ་རིང་ཡང་སྡེ་འདབས་ཀྱི་དེའུ་འབུར་དེའི་སྟེང་དུ།  བུ་ཕྲུག་ཚོའི་ལོག་ཕེབས་ལ་རེ་སྒུག་གི་མིག་ཟུང་བགྲད་ཡོད་དམ།  ཨ་མ་ལགས།  ཁྱེད་ཀྱིས་དོ་ནུབ་ཀྱང་སྒོ་འགྲམ་གྱི་བསང་ཁྲིའི་འཁྲིས་སུ།  བྱིས་པ་ཚོའི་བདེ་སྡུག་ལ་ལྷ་བསང་གཏོང་བཞིན་ཡོད་དམ།  ཨ་མ་ཡ།  ཁྱེད་ཀྱི་བསླུ་བ་མེད་པའི་ཞལ་འཛུམ་དྲོད་མོ་དེ་ནི།  ང་ཚོ་ཡུལ་མཐར་འཁྱམས་པའི་བུ་ཕྲུག་ཚོའི་བརྩོན་འགྲུས་ཀྱི་སྒུལ་ཤུགས་ཡིན་ལ།  ཁྱེད་ཀྱི་ཉམས་པ་མེད་པའི་བརྩེ་སེམས་དྭངས་མོ་དེ་ནི། ང་ཚོ་ནམ་ཡང་ཕྱིར་ཕ་ཡུལ་གྱི་པང་པར་ལོག་འདོད་ཀྱི་འཐེན་ཤུགས་དེ་ཅི་ལ་མིན།

2

              ཨ་མ་སྟེ།  མི་ཚེའི་བདེ་སྡུག་གི་ཆུ་རྒྱུན་རིང་མོ་གཞིས་ཁྱིམ་ཞིག་གི་དར་རྒུད་ལ་སྟིམ་བཞིན་པའི་མར་མེ་ཚེ་འབར།  ཨ་མ་སྟེ།  བྱིས་པ་ཁྱིམ་གང་གི་གཉོམ་ལག་དང་འགྲོ་འདུག་ཁོ་ནར་རང་སེམས་མེ་རུ་སྒྲོན་གྱིན་པའི་བྱང་སེམས་ཀྱི་བདག་མོ།  ཨ་མ་སྟེ། མཐིང་སྨུག་སྦྲ་ནག་གི་ཐབ་འགྲམ་ན་བྱམས་སེམས་གྱི་འོ་ཇ་ཕོར་གང་སྐྱོར་བའི་གཞིས་ཁྱིམ་གྱི་གཡང་རྟེན།  ཁྱེད་ཉིད་བཞུགས་པས།  ངའི་ཕ་ཡུལ་གྱི་ཁང་ཁྱིམ་གྲུ་བཞིར་དྲོད་ཁོལ་ལྡན་ལ།  ཁྱེད་ཉིད་བཞུགས་པས།  ངའི་རྒྱང་རིང་གི་སྤང་ལྗོངས་ཡངས་མོར་བཀྲག་མདངས་ལྡན་པ་ལ་ཨང་།

3

             ཆུང་དུས་སུ།  ང་ཚོའི་ཁྱིམ་གཞིས་ཆུང་ཆུང་དེར་སྟོབས་འབྱོར་དང་མངའ་ཐང་དེ་ཙམ་མེད་ནའང་།  ལྗང་མདོག་གི་རྨི་ལམ་ལྟ་བུའི་ལོ་ཟླ་དེ་དག་ནི་ཧ་ཅང་བརྗེད་པར་དཀའ་བ་སྟེ།  བྱིས་དུས་ཀྱི་བེའུ་རྫི་ནས་ནོར་རྫི་དང་ལུག་རྫི།  ལྕི་འདམ་གྱི་རྩེད་ར་ནས་གཡག་རྒྱུག་དང་རྟ་རྒྱུག  སྤང་ཐང་གི་རི་གླུ་ནས་སློབ་གླིང་གི་སྒོར་བྲོ་དང་རིག་རྩལ། ཨ་ཨ།  སྣུམ་ཚོན་གྱི་རི་མོ་ལྟ་བུའི་སྣང་བརྙན་དེ་དག་ནི་ཇི་འདྲའི་མཛེས་སྡུག་ལྡན་པ་ལ་ཨང་།  དེ་དག་ལས་ཀྱང་སེམས་པའི་གཏིང་རོལ་ནས་ནམ་ཡང་གསུབ་པར་དཀའ་བ་ནི།  ཨ་མ་དང་འབྲེལ་བའི་དྲི་བསུང་དེ་དག་སྟེ།   རྟག་པར་བེའུ་རྫི་དང་ནོར་རྫིར་འགྲོ་ཁར་ཨ་མས་སྤྲད་པའི་གོ་རེ་མར་མོ་[1]དེའི་དྲི་ཞིམ་དང་། ཨ་མས་གཡོས་སྦྱོར་བྱས་པའི་ཀེའུ་ཚོད་དང་ཕྱེ་ཐུད་ཀྱི་ཞིམ་མངར།  ད་དུང་ཨ་མས་བསྐོལ་བའི་འོ་ཇ་དང་འཐེན་ཐུག་[2]གི་བྲོ་བ་སོགས་ཤིན་ཏུ་མང་པ་ལ་ཨང་།

4

            ཨ་མ་ལགས།  ད་ལྟ་ངས་བུ་མོ་གཉིས་ཀྱི་གཉོར་སྐྱོང་དང་སློབ་གསོའི་ཐད་དུ་རང་ཉིད་ཀྱིས་དཀའ་ངལ་ཅི་ཙམ་མྱང་དང་མྱོང་བཞིན་པར་བསམ་བློ་རེ་བཏང་ན།  ཁྱེད་ཀྱིས་ང་ཚོ་མིང་སྲིང་བདུན་པོ་ཇི་ལྟར་བྱམས་སྐྱོང་བྱས་པའི་འདས་སོང་གི་ལོ་ཟླ་དེ་དག་ནི་དངོས་ནས་ཧང་སངས་དགོས་པ་ཞིག་སྟེ།  ཁྱེད་ཀྱིས་ང་ཚོའི་འགྲོ་འདུག་སྤྱོད་གསུམ་གྱི་སླད་དུ་ཁ་ཟས་སོས་དལ་ཞིག་ཀྱང་རོལ་ཐུབ་མེད་པ་ཐག་ཆོད་ལ།  ཁྱེད་ཀྱིས་ང་ཚོའི་མ་འོངས་མདུན་ལམ་གྱི་ཕྱིར་དུ་མཚན་གཉིད་སྐྱིད་པོ་ཞིག་ཀྱང་བྱས་མྱོང་མེད་པ་ཐེ་ཚོམ་བྲལ། ཡང་གཅིག་བཤད་ན།  ངས་ད་ལྟའི་རང་ཉིད་ཀྱི་གནས་བབ་ལས།  ཨ་མ་ཁྱེད་ཀྱིས་ང་ཚོའི་ཆེད་དུ་དཀའ་ཚེགས་དང་སྐུ་ངལ་ཇི་འདྲ་ཞིག་མྱངས་ཡོད་པ་གསལ་གྱི་ལེར་མཐོང་ཐུབ་ལ།  ཁྱེད་ཀྱིས་བུ་ཕྲུག་ཚོའི་སླད་དུ་མི་ཚེ་ཡི་གཏམ་རྒྱུད་ག་འདྲ་ཞིག་བསྐྱངས་ཡོང་བའང་ལྗིད་ཏིག་གེར་དྲན་ཡོང་ཨང་།

5

             ལོ་ངོ་བཅུ་གཉིས་ཀྱི་སྔ་རོལ་ཏུ།  ང་ཚོའི་རྒྱབ་རི་སྨུག་པོ་ལྟ་བའི་ཕ་རྒན་མི་ཡུལ་དང་བྲལ་བ་ནས།  ཨ་མ་ཁྱེད་ཀྱི་དབུ་སྐྲ་དེ་ཉིན་རེ་ནས་ཉིན་རེར་དཀར་པོར་གྱུར་ནའང་།  ཁྱེད་ཀྱིས་རྟག་ཏུ་རང་སེམས་ཀྱི་སྐྱོ་སྡུག་ཡོད་ཚད་སྙིང་ཁོང་དུ་སྦས་ཏེ།  རང་ཁྱིམ་དྲོད་མོའི་རང་མདངས་དེ་སྔར་བཞིན་བརྩེ་སེམས་ཀྱིས་བསྐྱངས་ཤིང་།  ཕ་མ་ཟུང་གི་བརྩེ་བ་ཡོད་ཚད་ཁྱེད་ཉིད་གཅིག་པུས་ལྡབ་འགྱུར་གྱིས་ང་ཚོར་སྦྱིན།  ང་ཚོའི་ཁྱིམ་གཞིའི་གདུང་འདེགས་ལྟ་བུའི་ཕ་ལོ་[3]འུ་ཅག་དང་གཏན་དུ་བྲལ་པ་ནས།  ཨ་མ་ཁྱེད་ཀྱི་གདོང་གི་གཉེར་རིས་དེ་མཚན་རེ་ནས་མཚན་རེར་ཇེ་ཟབ་ཏུ་གྱུར་ནའང་།  ཁྱེད་ཀྱིས་ནམ་ཡང་སྐྱོ་གདུང་དང་དཀའ་ཚེགས་ཡོད་ཚད་སྒུལ་ཤུགས་སུ་བྱས་ཏེ།  བདེ་སྐྱིད་དང་དགོད་སྒྲས་ཁེངས་པའི་ཁྱིམ་གཞིས་ཆུང་ཆུང་འདིར་གསོན་ཤུགས་བསྩལ་ཅིང་།  ང་ཚོ་མིང་སྲིང་ཚོའི་བརྩེ་འདང་དང་ལྷན་འཛོམས་ཀྱི་གསོམ་དཀར་ལ་མཛེས་སྡུག་གི་འདབ་ལག་རྒྱས་སུ་བཅུག

6

              ལོ་ཟླའི་དཀའ་ཚེགས་གྲངས་མེད་འཛུམ་མདངས་ཀྱིས་བསུ་བའི་ཨ་མ་ཡ།  ཁྱེད་ནི་ནམ་ཡང་རང་སེམས་ཀྱི་འདུན་མ་ཡོད་ཚད་བུ་ཕྲུག་ཚོར་ཕངས་མེད་དུ་སྦྱིན་མཁན་དེ་ཡིན་ལ།  ཁྱེད་ནི་ཕ་ཡུལ་གྱི་རང་ཁྱིམ་དྲོད་མོ་བརྩེ་སེམས་ཀྱིས་སྲུང་བའི་རྟག་བརྟན་གྱི་སྒྲོན་མེ་འོད་ཆེན་དེའང་ཡིན་པས།  ང་ཚོ་ལྟོ་རྒྱབ་ཀྱི་སླད་དུ་ཡུལ་མཐར་འཁྱམས་པ་ནས།  ཁྱེད་ཀྱི་རྒྱབ་གཟུགས་དང་དུང་སེམས་འཁྱིལ་བའི་ཁྱིམ་གཞིས་དྲོད་མོ་དེ་ཧ་ཅང་དྲན་ལ།  ང་ཚོ་ཕུགས་བསམ་གྱི་ཆེད་དུ་གཞན་ཡུལ་འགྲིམས་པ་ནས།  ཁྱེད་ཀྱི་རྩམ་དྲི་དང་མར་དྲིས་བརླན་པའི་ཞིམ་མངར་གྱི་བཟའ་བཏུང་དེ་ལྷག་ཏུ་དྲན་པ་ལ་ཨང་། 

               རེད་ཡ།  ཕྱིར་འདང་གི་དྲན་པའི་གཏིང་རིམ་ན།  ད་དུང་ཨ་མ་དང་འབྲེལ་བའི་གསུབ་མེད་ཀྱི་དྲན་ཐོ་ཧ་ཅང་མང་བ་སྟེ།  ཉིན་མཚན་དུས་དྲུག་ལ་རྫོགས་མཐའ་མེད་པའི་སྒོ་ཕྱུགས་དང་ཁྱིམ་ལས་ཀྱི་བྲེལ་སྟབས་ཁྲོད་ཀྱི་ཨ་མའི་རྒྱབ་གཟུགས་སྨུག་པོ། རང་ཁྱིམ་དང་བུ་ཕྲུག་ཚོའི་བདེ་སྡུག་ཁོ་ན་རང་ཉིད་ཀྱི་ཡོད་ཚད་དུ་སྒོམ་པའི་ཨ་མའི་ལྷག་བསམ་དཀར་པོ།  དེ་ལས་ཀྱང་བརྗེད་པར་དཀའ་བ་ནི།  བྱིས་དུས་སུ་ང་ཚོ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་འགྲོ་ཁར།   ཨ་མས་རང་ཉིད་ཀྱིས་འཚོ་བའི་ཟ་ཟུར་ནས་གསོག་ཉར་བྱས་པའི་ཤོག་སྒོར་ཉུང་ཙམ་པོ་དེའང་ཕངས་མེད་དུ་ང་ཚོ་ལ་ཨུ་ཚུགས་ཀྱིས་སྟེར་ཞིང་།   “ཨ་མ་གང་དུའང་འགྲོ་མི་ཐུབ་པས་སྒོར་མོ་དགོས་དོན་མེད”ཅེས་ཡང་ཡང་ནན་བཤད་ཀྱིས་ང་ཚོའི་ལག་ཏུ་འཇོག་ཅི་ཐུབ་བྱེད་པ་ནི་ཅི་འདྲའི་བརྩེ་སེམས་ཀྱིས་བརླན་པའི་ཞལ་གསུང་དྲོན་མོ་ཞིག་རེད་ཨང་།  

8

               ཨ་མ་ལགས།  ལོ་ངོ་འདི་དག་ལ་ང་ཚོའི་ཁྱིམ་གཞིས་འདི་སྐྱིད་སྡུག་དང་གེགས་རྐྱེན་སྣ་ཚོགས་ལ་བསྟུན་མར་འཕྲད་པས།  ད་ལྟ་ཁྱེད་ཉིད་དགུང་ལོ་བདུན་ཅུ་ལྷག་ལ་སླེབས་ཡོད་ནའང་།  སླར་ཡང་བྱིས་པ་དྭ་ཕྲུག་གཉིས་ཀྱི་ཨ་མ་ནང་བཞིན་ཁོ་གཉིས་བྱམས་བརྩེ་དང་ཐུགས་འཁུར་གྱིས་གཉོར་སྐྱོང་བྱེད་ཞོར།  གཞིས་ཁྱིམ་གྲུ་བཞི་འདིའི་ཕྱི་ནང་གང་དུ་ནང་ལས་ཙག་ཙིག་ལ་བྲེལ་བཞིན་པའི་སྣང་བརྙན་དེ་མཐོང་ཚེ།  དངོས་ནས་ངའི་ཡིད་སེམས་ཀྱི་གཏིང་རིམ་ནས་སྨྲེང་ཤ་དེ་དྲག་ཆར་བཞིན་བརྡོལ་ཡོང་བ་ལ་ཨང་།  ཡང་གཅིག་བཤད་ན།  དྲོད་ལེམ་ལེམ་གྱི་བྱེའུ་ཚང་གཅིག་ལས་ཕྱོགས་བཞིར་འཕུར་བའི་བྱེའུ་ཇི་བཞིན།  ཁྱེད་ཀྱི་བུ་ཕྲུག་ཚོ་ནི་ཇི་འདྲའི་སྒེར་སེམས་ཆེ་བ་ལ་ཨང་།  འཚོ་ཚིས་ཀྱི་ཆེད་དུ་རང་རང་སར་ཆས་ཤུལ་དུ།  ཁྱེད་ཀྱིས་སྔར་བཞིན་ཁང་ཁྱིམ་འདིའི་དྲོད་ཁོལ་སེམས་ཀྱིས་སྲུང་གིན།  མིག་གིས་འཚོ་བཞིན།  ལག་པས་སྐྱོར་གྱིན་ང་ཚོའི་ལོག་ཕེབས་དང་ལྷན་འཛོམས་ཁོ་ན་རང་ཉིད་ཀྱི་བདེ་སྐྱིད་དུ་སྒོམ་པ་དེ་མཐོང་ཚེ།  བདག་གི་སེམས་པ་ནི་གྲང་ཤུར་ཤུར།  མིག་ཟུང་ནི་འཁྱག་སུབ་སུབ།  མཁྲེང་སེམས་ནི་ལྗིད་ཏིག་ཏིག

9

             ནམ་རྒྱུན། དབུས་འགྱུར་ལྷ་ས་ནས་ཕ་ཡུལ་ཨ་མདོའི་ཡུལ་གྱི་ཨ་མ་ལ་ཁ་པར་གཏོང་ཐེངས་རེར།  འདས་སོང་གི་ལོ་ཟླ་མང་པོ་ཞིག་ཚོན་མདོག་གི་བརྙན་ཡོལ་ཇི་བཞིན་མིག་མདུན་དུ་གསལ་ལྷིང་ངེར་འཆར་ཡོང་བ་སྟེ།  དཔྱིད་གསུམ་གྱི་སྤང་ལྗོངས་ཡངས་མོའི་ལུ་གུ་དང་འབའ་སྒྲ།  དབྱར་གཞུང་གི་སྨུག་སྤྲིན་ཁྲོད་ཀྱི་སྦྲ་ནག་དང་ལུག་ཁྱུ།  སྟོན་མཇུག་གི་ཉི་ཟེར་འོག་གི་ནས་ཞིང་དང་སྤང་ཐང་།  དགུན་དཀྱིལ་གྱི་ལྷགས་རླུང་ངོགས་ཀྱི་རྫི་བོ་དང་གྲང་ངར། མདོར་ན་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་རེ་རེར།  ཨ་མ་ནི་ལྷག་བསམ་དཀར་པོ་ཞིག་གི་དར་སྐུད་ལ་འཇུས་ཏེ།  འགྱོད་སེམས་དང་འཁང་ར་ཅི་ཡང་མེད་པར་རང་ཉིད་ཀྱི་ཡོད་ཚད་འབྲོག་ཁྱིམ་ཕལ་བ་ཞིག་གི་སྐྱིད་སྡུག་ལ་འབུལ་བཞིན་པའི་རྟག་བརྟན་གྱི་སྣང་བརྙན་དེ་རང་སེམས་ལ་གསལ་གྱི་ལེར།  འཇམ་ཐིང་ངེར། དྲོད་ལེམ་མེར་འཆར་འོང་བ་ལ་ཨང་།

10

               རེད་ཡ།  ཆུང་དུས་སུ་རང་ཉིད་ལའང་རང་ཉིད་ཀྱི་མི་ཚེའི་འཆར་གཞི་ཞིག་ཡོད་པ་སྟེ།  རྗེས་ཕྱོགས་གྲོང་ཁྱེར་ག་གེ་མོ་ཞིག་ཏུ་ལས་ཀ་ཞིག་རེག་ན་ཕ་མ་གཉིས་ཀ་རང་ཁྱིམ་ཆུང་ཆུང་དུ་གདན་འདྲེན་ཞུས་ཏེ།  ཁོང་གཉིས་ལ་མི་ཚེའི་སྨད་དུ་ངལ་གསོ་ཡག་པོ་ཞིག་རྒྱག་ཏུ་འཇུག་རྒྱུ་ནི་བྱིས་དུས་ནས་སེམས་ཁོང་དུ་ཉར་བའི་ཕུགས་འདུན་དེ་ཡིན་མོད།  ཡིན་ནའང་།  འཇིག་རྟེན་འཚོ་བ་ནི་སུས་ཀྱང་རྟོགས་མེད་ཀྱི་གབ་ཚིག་ལྟ་བུ་ཞིག་ཡིན་པས།  ངའི་རྨི་ལམ་ལྟ་བུའི་ཕུགས་བསམ་དེ་མཁའ་དབྱིངས་སུ་འཇའ་ཚོན་ལྟར་ཡལ་བ་སྟེ།  རང་ཉིད་ལས་གནས་སུ་ཞུགས་པའི་ཕྱི་ལོ་དེར་ཕ་རྒན་རྐྱེན་ངན་གྱིས་སྐུ་ཚེ་འདས་ཤིང་།  དེ་ནི་ངས་ནམ་ཡང་བརྗེད་ཐབས་བྲལ་པའི་མི་ཚེའི་སེམས་ངལ་ལྕི་མོ་ཞིག་ཏུ་གྱུར།  ཕ་ཡུལ་དང་རྒྱང་ཐག་ཧ་ཅང་རིང་བའི་དབུས་འགྱུར་ལྷ་ལྡན་དུ།  ཨ་མ་ལགས་ཀྱང་“མི་རྒས་ན་ཡུལ་དྲན།  བྱ་རྒས་ན་ཚང་དྲན་”ཞེས་པའམ་“རང་ཡུལ་གད་པ་ཡིན་རུང་སྐྱིད་”ཅེས་པའི་ཁ་དཔེ་ལྟར།  ཕེབས་ཐེངས་རེ་རེར་ཕྱིར་ཕ་ཡུལ་དུ་ལོག་འདོད་ཀྱི་སེམས་འདུན་དེ་འཇགས་ཐབས་བྲལ་བས་ཁོང་ཉིད་ཀྱི་འདོད་བློ་ལྟར་ཕ་ཡུལ་ཨ་མདོ་རུ་མི་བསྐྱལ་ག་མེད་བྱུང་།  གང་ལྟར། རང་ཉིད་ཀྱི་ལས་གནས་སམ་སྒེར་སེམས་ཀྱིས་མི་ཚེ་འདིར་ཕ་མ་གཉིས་དང་མཉམ་གནས་ཀྱིས་ཞབས་ཞུ་ལེགས་པོ་ཞིག་བསྒྲུབ་མ་ཐུབ་པ་ནི་ཇི་འདྲའི་ཡིད་ཕངས་པ་ལ་ཨང་།  ཇི་འདྲའི་སེམས་སྐྱོ་བ་ལ་ཨང་།  ཇི་འདྲའི་ངོ་གནོང་བ་ལ་ཨང་།  

             དེ་བས་འདིར་ཆེད་དུ་ནུ་བོ་པད་རིག་དང་ཁོའི་བུ་ཕྲུག་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་སྟེ།  མི་འདོད་རྐྱེན་ངན་གྱིས་བུ་ཕྲུག་གཉིས་ཀྱི་ཨ་མ་འཇིག་རྟེན་མི་ཡུལ་དང་བྲལ་ནའང་།  ཁྱེད་ཕ་བུ་གསུམ་གྱིས་དྲིན་ཅན་མ་རྒན་ལ་ཞབས་ཏོག་གང་ལེགས་ཞུས་ཏེ།  འུ་ཚང་གི་ཁང་ཁྱིམ་གྲུ་བཞིའི་དྲོད་ཁོལ་དེ་སྔར་བཞིན་དགོད་སྒྲ་དང་བདེ་སྐྱིད་ཀྱིས་བསྐྱངས་དང་སྐྱོང་བཞིན་པ་ནི་ཇི་འདྲའི་ཡིད་གར་འོངས་པ་ལ་ཨང་།  སྙིང་ནས་ཐུགས་རྗེ་ཆེ།  བདག་གི་ནུ་བོ་ལགས།


མཆན།

[1]ཕ་ཡུལ་ཨ་མདོའི་ཕྱོགས་ཀྱི་བག་ལེབ་ཟ་སྟངས་ཤིག་སྟེ། གོ་རེ་བག་ལེབ་ཀྱི་སྟེང་དུ་འབྲི་མར་བྱུག་སྟེ་ཟ་སྲོལ་ཞིག་ཡིན་ལ། བྱིས་པའི་ཁ་སྐད་དུ་གོ་རེ་མར་ལོ་ཞེས་བརྗོད།

[2]ཨ་མདོའི་ཡུལ་སྐད་ཀྱི་ཕྱེ་ཐུག་ཅིག་གི་མིང་སྟེ། ལྷ་སའི་སྐད་ཀྱི་ལེབ་ཐུག་དང་དོན་འདྲ།

[3]ཨ་མདོའི་ཡུལ་སྐད་དེ་ཨ་ཕའི་དོན།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།