ང་དང་ངའི་གཏམ་རྒྱུད།

རྩོམ་པ་པོ།   དུས་ཚོད།   2019-08-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

གནས་ལུགས་ག་ཚོད་ཅིག་གི་ར་མདའ་ལ།།

མདའ་དང་མཚོན་ཆ་ཁུར་ནས་ཕྱིན་ན་ཡང་།།

འབབ་པ་ཏིལ་འབྲུ་ཙམ་ཞིག་མ་འབྱོར་བར།།

ཕྱིར་ལ་ལྡོག་པ་གཅིག་མིན་གྲངས་ཀའི་ཕྲེང་།།

བདེན་དོན་ཇི་སྙེད་ཅིག་གི་རྫི་བོ་ལ།།

བྲོ་དང་འུར་ཆ་བཟུང་ནས་ཕྱིན་ན་ཡང་།།

ལུག་ཁྱུ་སྤྱང་ལ་གཏད་པའི་གཏམ་རྒྱུད་ཅིག།

རི་ལུང་ཁུག་པ་བརྒྱད་ལ་བསྒྲགས་མྱངས་སྐད།།

གཞལ་བྱ་ཅི་ཙམ་ཞིག་གི་བསུ་མ་ལ།།

ཆང་དང་ཁ་བཏགས་བཟུང་ནས་ཕྱིན་ན་ཡང་།།

ལུང་རིགས་རྒྱན་ལ་སྤྲས་པའི་བག་མ་ཞིག།

ལམ་གྱི་སུམ་མདོ་ཞིག་ནས་གཞན་ལ་ཤོར།།

བྱང་སེམས་ཆེན་པོ་ཞིག་གི་གོ་འཕང་ལ།།

བྱམས་དང་སྙིང་རྗེ་འཆང་ནས་ཕྱིན་ན་ཡང་།།

དབང་བཙན་འདོད་པ་ཞིག་ལ་རྐང་ལམ་དུ།།

གོམ་གསུམ་མདུན་ལ་སྤོས་པས་ཕྱིར་མ་ལྡོག།

བརྩེ་བ་དག་མ་ཞིག་གི་འབུལ་དོད་ལ།།

མནའ་དང་དམ་བཅའ་བསྒྲིགས་ནས་ཕྱིན་ན་ཡང་།།

དབང་ཆེན་ཕ་མ་ཟུང་གི་བཀའ་གསུང་ལ།།

མི་འདོད་ཐ་ཚིག་བསྒྲགས་པའི་སྐལ་མ་མཆིས།།

ལས་གནས་གཙང་མ་ཞིག་གི་གོ་གནས་ལ།།

མངར་སྐྱུར་ཁ་གསུམ་མྱོང་ནས་ཕྱིན་ན་ཡང་།།

སྐབས་ཀྱི་འགྲོས་སྟངས་ཤིག་གི་གཉའ་གནོན་ལ།།

ཁྲོ་བའི་མེ་རི་འབར་ཀྱང་ཅི་བྱར་ཡོད།།

བདེ་བ་རྣམ་དག་ཅིག་གི་ཕུགས་བསམ་ལ།།

ལུས་སེམས་འབད་ལ་རེམ་ནས་ཕྱིན་ན་ཡང་།།

ཉོན་མོངས་རྒྱུད་ལ་གཏམས་པའི་གང་ཟག་ཅིག།

འཁོར་བའི་སྡུག་ལས་གྲོལ་བ་དཔེ་མི་སྲིད།།

རེ་བ་མཐོ་ས་ཞིག་གི་ཁང་བརྩེགས་ལ།།

སྐས་དང་སྐས་ཐེམ་བརྒལ་ནས་ཕྱིན་ན་ཡང་།།

མ་དག་རྨོངས་པས་བཏུམ་པའི་ལམ་ཕྲེང་ཞིག།

རྣམ་དཔྱོད་སྒྲོན་མེ་བྲལ་བ་བགྲོད་པར་དཀའ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།