ཟླ་དྲུག་པའི་དྲན་པ།

རྩོམ་པ་པོ།   དུས་ཚོད།   2019-08-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དུས་ཚོད་ཀྱི་ཀོ་གྲུ་འཁོར་བའི་གཙང་བོར་ཡུན་གྱིས་བགྲོད་ན།

མི་ཚེ་ཞེས་པའི་མངར་སྐྱུར་གྱི་ལོ་རིམ་ཁྲོད་གཏན་དུ་ཁ་ཐག་རིང་ས་ནས།

ཁྱེད་ལ་ངང་སྒུག་གི་ལག་པ་རྐྱོང་མཁན་དེ་ང་ཁོ་ན་ཡིན་ཞེས་ཟེར་ན།

ཁྱེད་ལ་ཁུར་མོང་གི་འདུ་ཤེས་སྐྱེད་ཆོག་པའི་དྲན་པ་ཞིག་སྐྱེའམ།

ད་ལྟ་ང་ཡི་དྲན་པ་ལ་ཆར་བས་བསྡོངས་ཤིང་།

རླུང་གིས་རྡེག་ནའང་ཡིད་གདུང་དེ་ཙམ་མི་འདུག་སྟེ།

རྒྱུ་མཚན། བདག་གི་པར་ཁུག་ཏུ་ཁྱེད་ཀྱི་འདྲ་པར་རེ་འགའ་ཉར་ཚགས་བྱས་ཡོད་པས།

ཡང་ན། ཤིན་ཏུ་སྐྱོ་བ་མ་ཡིན་ཏེ། ཡིད་འོང་གི་དུས་ཚོད་ཕྲན་ཙམ་ཡོད་སྲིད་པས།

ས་སྲོད་ཀྱི་རླུང་བུས་ང་ལ་དྲན་གདུང་ཞིག་བསྩལ་ཏེ།

ཞེ་འདང་གི་སྣེ་མོར་འཐམ་པའི་མི་དེའི་མཛེས་པ་བསྟན་ཞིང་།

རི་སུལ་བརྒྱུད་དེ་མི་སེམས་ཀྱི་རྩྭ་ཕྲན་ལ་འཇུས་པའི།

གཟུགས་མེད་ཀྱི་བརྩེ་བ་དྲོན་མོ་ཞིག་ཡང་དུ་བསྟན་ཞིང་ག་ལེར་ས་རུབ་ན།

སྟོང་བསམ་གྱི་ཡིག་འབྲུའི་ཤོག་བྱ་ཁྱེད་སར་སྤུར་པའི་གོ་སྐབས་ཤིག་འཆར་འོང་།

ང་ལ་རང་ཉིད་ལས་ལྕི་བའི་ཡིད་གདུང་གིས་མནར་ཏེ།

བར་ཐག་ཟེར་བའི་མུན་ནག་དེས་ཡོངས་སུ་བཏུམས་ཀྱང་།

ཞེ་རྩ་དྲོ་བྱེད་ཀྱི་སྙན་ངག་མང་པོ་ཞིག་བྲིས་ཤིང་།

ཁེར་རྐྱང་གི་སུན་སྣང་ལས་གཡོལ་ཐབས་བྱེད་ཀྱིན་ཡོད།

བསམ་གཞིག་གི་སྒྲོམ་བུར།

འོད་ལམ་ལམ་དུ་འཚེར་བའི་མུ་ཏིག་ཁྲ་བོ།

ད་ལྟ་མཚན་མོ་ཧ་ཅང་རིང་ན་ཡང་།

ངས་རང་སེམས་ལ་གཤོག་པ་ཐོགས་སུ་བཅུག་སྟེ།

ཁྱེད་ཕྱོགས་སུ་སྐོར་བ་རྒྱག་གིན།

སླར་ཡང་མཆི་མས་བངས་པའི་འཕྲིན་ཡིག་ཅིག་བྲིས་ཏེ།

འཆར་ཡན་གྱི་ནམ་མཁའ་སྟོང་བར་བྱས།

མ་གསང་དྲང་མོར་བཤད་ན།

མི་སེམས་ནི་གཡོ་འགུལ་ཐེབས་སླ་བ་ཞིག་རེད།

འཛུམ་མདངས་ཤིག་གིས་གང་སར་འཁྲིད་ཆོག་པའི་ཁྱེའུ་ཞིག་རེད།

མ་གཞི། ང་ལ་ཁྱེད་ཀྱིས་བྱམས་དུངས་དེས། ཡང་ན་གཤིས་ཀ་དེས།

ཁེར་རྐྱང་ནི་ཤི་སོང་བ་དང་འདྲ་བའི་ལོ་ཟླ་ཤིག་བྱིན་བྱུང་།

དེའི་ཕྱིར་ང་ཁེར་རྐྱང་ལ་སུན་ཞིང་། ཁེར་རྐྱང་ལ་ཞེ་གནག

འདི་ལྟར་བཤད་ན་ཁྱེད་རང་ཁོང་ཁྲོ་ལངས་སྲིད་ནའང་ཐང་།

ངས་ཁྱེད་ལ་དགོངས་དག་ཞུ།

དོན་དུ་འུ་གཉིས་འཕྲད་མི་ཐུབ་པའི་རྒྱུ་མཚན་གང་ཡང་མེད་ཀྱང་།

རྣམ་ཤེས་ཀྱི་བྱེ་མའི་ཚོགས་དག་སྔ་མོ་ནས་རླུང་གིས་ཁུར་ཅིང་།

ཁྱེད་ཀྱང་ངའི་རྨི་ལམ་གྱི་མཚོ་ཁ་ལས་བུད་དེ་ངང་དཀར་བཞིན་རྒྱང་དུ་འཕུར་ན།

དེའི་ཚེ་མི་སེམས་ཤིག་གི་ཚེ་སྲོག་གཏན་དུ་ཕྱིར་འོང་མི་སྲིད་པའི་གནས་དེར་ཆས་ངེས།

དགོངས་ཡངས་ཞུ།

ང་ནི་གཏན་དུ་རབ་བཏགས་ཀྱི་ཚིག་གི་ཕོ་བྲང་ལས་སྐད་ཆ་བཤད་རྒྱུར་དགའ་བས།

ཉིན་མཚན་གཉིས་ཀར་པར་ཁུག་གི་ཕྱི་ནང་བཀླགས་ཏེ།

འཕྲིན་ཡིག་འདི་དག་ཁྱེད་ཀྱི་ངོ་གདོང་ལ་ཤིན་ཏུ་གཅེས་པའི་སྙིང་ཆུང་གླན་པ་ཙམ་ཡིན།

གལ་ཏེ་ཁྱེད་རང་སུན་ཚེ། གཏན་དུ་བཀླག་མི་དགོས།

རྩྭ་ཐང་ལ་དབྱར་ཁའི་དཔལ་ཡོན་རྫོགས་དུས་སུ།

ཞེ་འདང་གིས་བྲིས་པའི་འཕྲིན་ཡིག་ཚན་པ་བཅུ།

རླུང་དང་སྤྲིན་པ་དག་ལ་རེ་རེ་ནས་བསྐུར་ན་ཁྱེད་ཕྱོགས་སུ་འབྱོར་སྲིད་དམ།

དེའི་ཕྱིར་ང་ཡི་གསང་ཚིག་གི་ཁོང་དུ་སྦས་པའི་གཏམ་རྒྱུད་དག་ཁྱེད་ཁོ་ན་ལ་བསྐུར་ན།

ཁྱེད་ཀྱིས་ང་ལ་གཏན་དུ་ཁྲེལ་མེད་མི་བྱེད་པར་ཡང་དང་ཡང་དུ་སྨོན་ལམ་འདེབས།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།