མེ་ལོང་།

རྩོམ་པ་པོ།   དུས་ཚོད།   2019-08-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རྒྱང་ནས་གངས་རིར་བལྟས་པའི་དྲན་པ་དག་ཡར་བསྒྲུགས་ནས།

འུར་ཟིང་གི་ན་ཚོད་འདིར་མེ་ལོང་ཞིག་བཟོ་འདོད།

མཚན་མོར་མེ་ལོང་དེ་ལས།

ཞི་དུལ་གྱི་ཡིག་འབྲུ་རེ་རེའི་གྲིབ་མ།

ཚེ་སྲོག་གི་རྩིག་པའི་ངོས་ནས་བཞུར་བ།

ཉམས་ཐག་གི་རྨི་ལམ་ལས་རྨིས་ཐུབ་པ་ཞིག

སྡོད་མི་ཚུགས་པའི་དུས་ཤིག་ཏུ།

མེ་ལོང་དེ་ལས་གཙང་བོའི་རྒྱུན་གྱི་ཐ་སྙད་ཀྱིས།

ཚོར་བ་དེ་བསྣུབས་སོང་ན་བསམས།

དེ་བཞིན་མ་འོངས་ན། སྔར་མྱངས་པའི་སྐྱོ་སྡུག་མཐའ་དག་གིས།

མེ་ལོང་དེ་སིལ་བུར་གཏོང་འདོད།

མཇུག་མཐར་ངས་དེ་ལྟར་ཐག་བཅད་ན།

རྗེས་སུ་ཉིན་མཚན་གཉིས་ནི།

གངས་རིའི་ཕར་ངོས་ཚུར་ངོས་ལས་མ་མཆིས་བསམ་སྲིད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།