བློས་ཐུབ་གྲོགས་པོ།

རྩོམ་པ་པོ།   དུས་ཚོད།   2019-08-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                ཉིན་ཞིག་གི་ནངས་མོར། ཆུ་བྱ་རྒན་པ་ཞིག་གིས་དོང་ནང་ནས་མགོ་ཕྱིར་ཕུད། ཁོའི་མིག་ནི་མུ་ཏིག་དང་ཀུན་ནས་མཚུངས་ཤིང་རྔ་མ་ནི་ནག་ཅིང་རིལ་བའི་འགྱིག་དབྱུག་དང་གཉིས་སུ་མ་མཆིས། གག་པ་ཆུང་ཆུང་ཚོ་ཆ་རུ་རྐྱལ་བཞིན་ཡོད་པ་ནི་བལྟས་ཚོད་ཀྱིས་མཆིལ་བ་སྤུ་སེར་གསེར་ལྡན་དང་འདྲ་ཞིང་ཁོ་ཚོའི་ཨ་མའི་ལུས་ཧྲིལ་བོ་དུང་མདོག་གིས་ཁེབས་ཤིང་རྐང་བ་དམར་པོ་ཞིག་ཀྱང་ཡོད། མོས་གག་ཆུང་རྣམས་ལ་ཆུ་ནང་དུ་ལྡོག་ཚུགས་སུ་ཇི་ལྟར་འགྲེང་དགོས་པ་ཁྲིད་བཞིན་ཡོད།

              “གལ་ཏེ་ལྡོག་ཚུགས་སུ་འགྲེང་མ་ཤེས་ན་ཁྱོད་ཚོ་ནམ་ཡང་མཐོ་རིམ་སྤྱི་ཚོགས་སུ་སླེབས་ཐབས་བྲལ”ཞེས་མོས་ཡང་དང་བསྐྱར་དུ་ཁོ་ཚོ་ལ་ཁ་ཏ་སློབ་གསོ་གནང་བར་མ་ཟད། ཁོ་ཚོ་ལ་འགུལ་སྟངས་དམར་ཁྲིད་བྱས་མོད་གག་ཕྲུག་རྣམས་ཀྱིས་མོས་བཤད་པའི་སྐད་ཆ་ལ་མཉམ་མ་བཞག་པར། མཐོ་རིམ་སྤྱི་ཚོགས་ལ་ཞུགས་ན་དགེ་མཚན་ཅི་ཞིག་ཡོད་པ་རྩ་བ་ནས་རྒྱུས་ལོན་ཐབས་མི་འདུག

              “དངོས་གནས་ཁ་ལེན་ཚིག་བརྩི་མི་བྱེད་པའི་བྱིས་པ་ཏག་ཏག་རེད”ཅེས་ཆུ་བྱ་རྒན་པས“ཁོ་ཚོ་ཆུར་ནུབ་ན་བཟང་འདུག”ཅེས་འཁང་ར་བྱས།

                 གག་མོས་ལན་དུ“སྐད་ཆ་འདི་ལྟར་བཤད་དགོས་པ་མིན་ཏེ། བྱ་བ་གང་ཞིག་བསྒྲུབ་ཀྱང་མགོ་རྩོམ་པ་ནི་ལས་སླ་མོ་ཞིག་མིན་པས། ཕ་མ་ཡིན་ན་བཟོད་བསྲན་ཡོད་དགོས།”

               “ཨ་ཙི། ངར་ང་རང་ཕ་མ་ཡིན་པའི་ཚོར་བ་ཞིག་ཡོད་མ་སོང་།” ཆུ་བྱི་ན་རེ“ངས་ད་དུང་ཁྱིམ་བཅོས་མེད། དོན་དངོས་སུ་ངས་གཏན་ནས་གཉེན་སྒྲིག་མེད་ལ་སྒྲིག་འདོད་ཀྱང་མེད། བརྩེ་དུང་ནི་རླབས་ཆེ་བ་ཞིག་ཡིན་མོད་མཛའ་བརྩེ་ནི་དེ་ལས་ཀྱང་རླབས་ཆེ། དངོས་གནས་རེད། འཇིག་རྟེན་འདིར་བློ་དཀར་གྱི་མཛའ་བརྩེ་ལས་ཀྱང་བླ་མེད་མཆོག་གྱུར་དང་མཚར་པོ་ཞིག་ཡོད་པ་ངས་ཤེས་མ་སོང་།”

              “འོ་ན་དྲི་བ་ཞིག་འདྲི། ཁྱོད་ཀྱིས་བསམ་ན་བློ་དཀར་གྱི་གྲོགས་པོ་ཞིག་གིས་བསྒྲུབ་འོས་པའི་འགན་ནུས་ཅི་ཞིག་ཡིན།”ཁ་དོག་ལྗང་ཁུ་ཅན་གྱི་ཁེར་སྡོད་མཆིལ་བ་ཞིག་འགྲམ་གྱི་ལྕང་སྡོང་དུ་བབས་ཡོད་ཅིང་སྐབས་འགར་ཁོ་ཚོའི་ཁ་བརྡ་དང་འཚམས་འདྲི་ཐོས་ཐུབ།

               “རེད། འདི་ནི་ངས་ཤེས་འདོད་པ་ཡིན”ཞེས་གག་མོས་སྨྲས། མོ་རང་རྫིང་བུའི་འགྲམ་གཞན་ཞིག་ལ་ཆུ་རྐྱལ་དུ་སོང་སྟེ། ལྡོག་ཚུགས་སུ་འགྲེང་འདུག་པ་ནི་མོའི་བྱིས་པ་རྣམས་ལ་དམར་ཁྲིད་བྱེད་ཆེད་ཡིན།

                “དོན་སྙིང་མེད་པའི་འདྲི་ཚིག་ཅིག་རེད་ཨང་།” ཆུ་བྱིས་སྐད་མཐོན་པོས་བཤད་རྒྱུར“ངའི་བློས་ཐུབ་གྲོགས་པོས་ང་ལ་བློ་དཀར་རྒྱུ་རེ་ཞིང་སྨོན་པ་སྨྲར་མེད”ཟེར།

                “འོ་ན་ཁྱོད་ཀྱིས་དྲིན་ལན་ཇི་ལྟར་གདབ་རྒྱུ་ཡིན”ཞེས་བྱིའུ་ཆུང་གིས་སྨྲས། ཁོས་འདབ་གཤོག་ཆུང་ཆུང་བརྡབས་ནས། དངུལ་མདོག་གི་སྡོང་བོའི་ཡན་གའི་སྟེང་ཕར་འཕུར་ཚུར་འཕུར་བཞིན་ཡོད།

                 “ངས་ཁྱོད་ཀྱི་ནང་དོན་ཧ་གོ་མི་འདུག”ཅེས་ཆུ་བྱིས་བཤད།

                    ཁེར་སྡོད་མཆིལ་བས“ངས་ཁྱོད་ལ་འབྲེལ་ཡོད་ཀྱི་གཏམ་རྒྱུད་ཅིག་བཤད”ཟེར།

                  “ང་དང་འབྲེལ་ཡོད་ཀྱི་གཏམ་རྒྱུད་ཅིག་ཡིན་ནམ” ཞེས་ཆུ་བྱིས་དྲིས།

                 “གལ་ཏེ་དེ་འདྲ་ཞིག་ཡིན་ན་ངས་ཉན་འདོད་ཡོད། རྒྱུ་མཚན་ང་རང་བརྩམས་སྒྲུང་ལ་དགའ་མོས་ཤིན་ཏུ་ཆེ།”

                 “གཏམ་རྒྱུད་འདི་ཁྱོད་ལ་དངོས་གནས་འཚམ་འདུག ”ཅེས་མཆིལ་བས་ལན་བཏབ། ཁོ་རང་འགྲམ་ངོགས་སུ་འཕུར་ཡོང་བ་ན་བློས་ཐུབ་གྲོགས་པོ་དེའི་གཏམ་རྒྱུད་བཤད་པའི་མགོ་བརྩམས།

                    ཁེར་སྡོད་མཆིལ་བ་ན་རེ།“གནའ་སྔ་མོ་ཞིག་ལ། གཞུང་དྲང་གི་ཕོ་གསར་ཞིག་ཡོད་པ་དེའི་མིང་ལ་ཧན་སི་ཟེར།”

                  “ཁོ་རང་ཁྱད་དུ་འཕགས་པ་ཞིག་ཡིན་ནམ” ཞེས་ཆུ་བྱིས་དྲིས།

                  “མིན”ཞེས་ཁེར་སྡོད་མཆིལ་བས་བཤད་རྒྱུར“ངས་བལྟས་ན་ཁྱད་དུ་འཕགས་པ་ཞིག་ལ་མི་བརྩི་མོད་ཁོ་ལ་བསམ་པ་བཟང་བོ་ཞིག་ཡོད་པར་མ་ཟད་དགོད་སྤྲོ་ཉམས་དོད་པའི་གདོང་སྒོར་མོ་ཞིག་ཀྱང་ཡོད།”ཁོ་གཅིག་པུ་རྩྭ་ཁང་ཆུང་ཆུང་ཞིག་ཏུ་བསྡད་པ་དང་། ཉིན་རྒྱུན་ཁོའི་མེ་ཏོག་ལྡུམ་རའི་ནང་དུ་ལས་ཀ་ལས་བཞིན་ཡོད། ཞིང་གྲོང་དེ་ན་འདི་ལྟ་བུའི་མེ་ཏོག་ལྡུམ་ར་སྙིང་རྗེ་བོ་ཞིག་སུས་ཀྱང་རྙེད་མི་ཐུབ་སྟེ། ལྡུམ་རའི་ནང་མེ་གླིང་གི་རྡོ་མྱུག་དང་མུ་མེན་མེ་ཏོག སོག་ཀ ཧྥ་རན་སིའི་རྩྭ་ལྡུམ་གསོམ་སྐྱ། དེ་མིན་རྒྱ་སེའི་མེ་ཏོག་གློ་ཁ་དང་རྒྱ་སེའི་མེ་ཏོག་ངང་སེར། གུར་ཀུམ་སྨུག་སྐྱ། མུ་མེན་མེ་ཏོག་གསེར་ལྡན་དང་མུ་མེན་མེ་ཏོག་སྨུག་པོ། ད་དུང་ཁྲ་ཆིལ་ལེར་བཞད་ཡོད་པ་དང་དུས་ཚིགས་ལ་གཞིགས་ཏེ་སྔ་རྗེས་སུ་ཁ་འབྱེད་པའི་རྩྭ་རྔ་མ་དང་སྔོ་ལྡུམ་མཆིལ་བ། སྔོ་ལྡུམ་མའོ་ཅའོ། སྔོ་ལྡུམ་ལོ་ལེ། ནུབ་གླིང་བལ་བུ། གྲེས་མ་མེ་ཏོག ཆུ་སྐྱེས་མེ་ཏོག ལི་ཤི་མེ་ཏོག་སོགས་ཡོད། མེ་ཏོག་འགའ་ཞིག་ལྷུང་བ་ན་གཞན་དག་ལྷུག་པོར་བཞད་ཡོང་བ་ཡིན། དེའི་དབང་གིས་ཁོའི་མེ་ཏོག་ལྡུམ་རའི་ནང་ནམ་ཡང་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་མཐོང་བ་དང་དྲི་ཞིམ་ཕྱོགས་བཞིར་ཁྱབ་པ་ཉམས་སུ་མྱོང་ཐུབ།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།