ལྗོངས་སྐོར་དར་བས་སྣོད་བཅུད་ཐམས་ཅད་སྐྱིད།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2019-08-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                    དབྱར་གྱི་དཀྱིལ་འདིར། ཟུང་ཆུ་རྫོང་གི་ལོག་དཀར་ར་བའི་ནང་དུ་སྐྱེ་སྟོབས་ཀྱི་དཔལ་རྒྱས་འདུག་ལ། ལས་ཀ་བ་བཅུ་ཁ་ལྷག་ཅིག་ཞིང་དུ་ལུད་འཇོག་པ་དང་རྩྭ་ལྡུམ་ཡུར་བའི་ལས་སུ་བྲེལ་འདུག

                    སྔར་ང་ཚོས་ལོག་དཀར་མུའུ་124འདེབས་འཛུགས་བྱས་པ་དང་ལོ་འདིའི་ནང་མུའུ་176འདེབས་འཛུགས་བྱ་རྒྱུའི་འཆར་གཞི་ཡོད། དེ་ལྟར་བྱས་ན། གཅིག་ནས་མང་ཚོགས་ལ་ལོག་དཀར་འདེབས་འཛུགས་ལག་རྩལ་ཁྱབ་གདལ་བཏང་ནས་ཟུང་ཆུ་རྫོང་གི་རི་སྐྱེས་ལོག་དཀར་གྱི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པ་ཐུབ་པ་དང་། གཉིས་ནས་ལྗོངས་སྐོར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་ཐུབ། ཅེས་ཀུང་སི་དེའི་འགན་འཛིན་པ་ཚའོ་ཝེ་ཡིས་གསར་འགོད་པར་བཤད། རྫོང་དེས་ས་གནས་རང་གི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཐོན་ཁུངས་བེད་གང་ལེགས་སྤྱད་དེ་ཞིང་པར་ལོག་དཀར་འདེབས་འཛུགས་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ལོག་དཀར་འདེབས་འཛུགས་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་དང་། ལྗོངས་སྐོར་དར་སྤེལ། ཡོང་འབབ་འཕར་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་བཞིན་འདུག 

                 ཟུང་ཆུ་རྫོང་གི་ལྗོངས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། མངའ་ཁོངས་སུ་རང་བྱུང་ནགས་ཚལ་དང་། རི་ཁུལ། གྲོག་རོང་། ཐུན་མོང་མ་ཡིན་པའི་བྲག་ཕུག ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་བཅས་ཡོད་ལ། ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཕུན་སུམ་ཚོགས་པས་ལྗོངས་སྐོར་ལས་རིགས་དར་བར་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད། ཕྱོགས་ཀུན་ནས་ལྗོངས་སྐོར་དར་སྤེལ་གཏོང་ཆེད། བྱེད་ཐབས་“ལྗོངས་སྐོར་+”དང་། “ལྗོངས་སྐོར་+”རྣམ་པ་སྤྱད། ཁྱད་ལྡན་རོང་འབྲོག་ཐོན་ལས་གླིང་བཏོད་དེ་མཛེས་ལྗོངས་ཁུལ་ཁག་སྦྲེལ་མཐུད་བྱས་ནས། གྲོང་གསེབ་ཀྱི་ལྗོངས་སྐོར་དང་གྲོང་གསེབ་དར་རྒྱས། དེང་རབས་ཞིང་ལས་དང་སྣོད་བཅུད་འཛུགས་སྐྱོང་བཅས་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། དམངས་ཕྱུག་པོར་ཆགས་པ་དང་རྫོང་སྟོབས་ལྡན་དུ་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བར་ཧུར་ཐག་བྱེད་ཀྱིན་གདའ། 

                  ཉེ་བའི་ལོ་ཤས་རིང་། ཟུང་ཆུ་རྫོང་གིས་སྣོད་བཅུད་བཟང་པའི་ཁྱིམ་གཞིས་བསྐུན་པ་ལ་དམ་པོར་དམིགས་ཏེ་ཞིང་ལས་དང་ལྗོངས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། སྤྲོ་གསེང་དང་ལྗོངས་སྐོར་གྱི་ནུས་པ་གསར་པ་ཟམ་མི་ཆད་པར་འཕེལ་རྒྱས་བཏང་བ་དང་། གྲོང་གསེབ་ལྗོངས་སྐོར་ཚད་རིམ་ཇེ་མཐོར་གཏོང་བ་དང་ཞིང་ལས་ཀྱི་ཡོབ་འབབ་མཐོ་རུ་གཏོང་ཆེད། 《ཟུང་ཆུ་རྫོང་སྣོད་བཅུད་ཞིང་ལས་གསར་གཏོད་གླིང་འཛུགས་སྐྲུན་ཇུས་གཞི(2019ལོ་ནས་2022ལོ་བར)》བཟོས་ནས་ཟུང་ཆུ་རྫོང་གི་ལྗང་མདོག་སྣོད་བཅུད་གླིང་1དང་། གཡེར་མའི་སྤྱི་གླིང་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་གླིང་5བསྐྲུན་ཏེ། 2022ལོར་སླེབས་སྐབས་སྣོད་བཅུད་ཞིང་ལས་གསར་གཏོད་གླིང་དེ་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་མཉམ་འདྲེས་དཔེ་སྟོན་གླིང་ངམ་ཡང་ན་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཁུལ་དུ་བསྐྲུན་པར་བརྩོན་པ་བྱེད་བཞིན་འདུག

              ད་ལྟའི་ཆར། ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་དེ་ཟུང་ཆུ་རྫོང་གི་མང་ཚོགས་ཕྱུག་པོར་འགྱུར་བའི་ཐབས་ལམ་གསར་པ་ཞིག་ཏུ་གྱུར་ཡོད། ཡོང་འབབ་འཕར་བ་དང་། ལས་ཞུགས་ཀྱི་རྒྱ་ཆེར་གཏོང་བ་སོགས་ཐད་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་ནུས་པ་གལ་ཆེན་ཐོན་ཡོད་པས། མུ་མཐུད་དུ་ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་བཞིན་འདུག

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།