ཡིག་འབྲི་བ་ཞིག་གི་སྨྱུ་གུ་དང་འབྲེལ་བའི་མི་ཚེའི་རྐང་རྗེས།

རྩོམ་པ་པོ།   ནོར་བུ་ཚེ་རིང་། དུས་ཚོད།   2019-08-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                 ཤར་རྒྱལ་མོ་རོང་པའི་ཡིག་མཁན་ངག་དབང་རྒྱ་མཚོ་ནི་འབར་ཁམས་རྫོང་ཁོངས་ཀྱི་རོང་མ་འབྲོག་གི་དུད་ཁྱིམ་ཞིག་ནས་ངུ་ངག་གི་དབྱངས་རྟ་ཐོག་མར་མཆེད། ཆུང་དུས་ས་གནས་སློབ་ཆུང་དུ་ཞུགས་ཤིང་སྐབས་དེར་སློབ་གྲྭའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ལས་བྱ་དགའ་ཨང་དང་པོ་ཐེངས་འགར་ཐོབ་པའི་ཤུགས་རྐྱེན་འོག་ཡིག་གཟུགས་སྦྱང་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས། དེ་ནས་སློབ་ཆུང་ལས་ཐོན་ཏེ་ཕ་ཡུལ་གྱི་ཛ་མགོ་དགོན་ཕྱག་འདེབས་པ་པོ་དགེ་བཤེས་བློ་བཟང་མཆོག་གྲུབ་རྒྱ་མཚོའི་སྐུ་མདུན་པ་ཡིག་མཁན་རབ་ལྡན་ལས་བརྒྱུད་པའི་ཀརྨ་སྒར་བྲིས་ཀྱི་ཡིག་གཟུགས་རྒྱུད་འཛིན་པ་ཞིང་བོ་ཡེ་ཤེས་དཔལ་གྱི་དྲུང་ནས་བོད་ཡིག་དབུ་ཅན་དབུ་མེད་ཀྱི་འབྲི་ཀློག་སོགས་ལ་སྦྱང་བ་དཔྱིས་ཕྱིན་པ་བྱས། གཞན་ཡང་བར་དེར་རྫེད་དབོན་པོ་ཀུན་དགའ་དཀོན་མཆོག་གི་མདུན་ནས་ཡིག་ཆུང་ལའང་སྦྱང་བ་བྱས། སྤྱི་ལོ་1996ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོ་ཨ་ཁུ་རྡོར་ལོ་མཆོག་གི་དྲུང་ནས་ལོ་ངོ་བཅུ་ཕྲག་གི་རིང་ལ་བོད་ཀྱི་བཅུ་ཕྲག་རིག་གནས་སྤྱི་ལ་སྦྱང་བ་ལྷོད་མེད་བྱེད་པའི་ཞོར་དུ་དྲུང་ཡིག་པ་སྨོན་ལམ་རྒྱ་མཚོའི་ཡིག་གཟུགས་ལ་སྦྱངས་བ་བྱས།  སྤྱི་ལོ་2017ལོར། སྙེ་བྲིས་རྒྱུད་འཛིན་པ་གྲགས་ཅན་དགེ་རྒན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱི་ཕ་ཡུལ་དུ་སོང་ནས་ཁོང་གི་མདུན་དུ་སྙེ་བྲིས་ཡིག་གཟུགས་ལ་ཟབ་སྦྱོང་མཐིལ་ཕྱིན་བྱས། ལོ་དེར་བོད་ལྗོངས་གཞུང་བྲིས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་ཡིག་མཁན་ཆེན་མོ་བསྟན་འཛིན་ལགས་ཀྱི་དྲུང་ནས་ཀྱང་གཞུང་བྲིས་འབྲུ་ཚར་སློབ་སྦྱོང་བྱེད་པའི་སྐལ་བ་བཟང་པོ་ཐོབ། སྤྱི་ལོ་2018ལོར་སླར་ཡང་ཀན་ལྷོ་དགེ་འོས་སློབ་གྲྭའི་དགེ་རྒན་དམ་པ་དྲུང་ཡིག་སྨོན་ལམ་རྒྱ་མཚོའི་དངོས་སློབ་ཡིག་མཁན་སངས་རྒྱས་བཀྲ་ཤིས་མཆོག་གི་མདུན་ནས་ཟབ་སྦྱོང་དཔྱིས་ཕྱིན་པ་བྱས།  སྔ་གཞུག་ཏུ་བོད་ཁམས་ཀྱི་ཡིག་གཟུགས་འགྲེམ་སྟོན་མང་པོར་ཞུགས་ཏེ་གཟེངས་རྟགས་དང་དགའ་བསུ་མི་ཉུང་བ་ཐོབ། གཞུང་སྒེར་གྱི་སློབ་གྲྭ་སོ་སོར་སློབ་མ་བརྒྱ་ཕྲག་མང་པོར་ཡིག་གཟུགས་འབྲི་ཚུལ་བསླབས་ཤིང་། ད་ལྟ་ཕ་ཡུལ་རྔ་བ་ཁུལ་འབར་ཁམས་རྫོང་རིག་གནས་ཅུས་ཀྱི་རྒྱབ་སྐྱོར་འོག་ཕ་ཡུལ་རྒྱལ་རོང་དུ་སྐད་ཡིག་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་ཆེད་རང་ཡུལ་འབར་ཁམས་ས་གནས་ཀྱི་སློབ་མ་རྣམས་ལ་དབྱངས་གསལ་སྦྱོར་ཀློག་དང་ཡིག་གཟུགས་འབྲི་སྦྱོང་སློབ་པའི་ལས་ལ་འབད་བཞིན་མཆིས་སོ། །

            སྤྱིར་བོད་ཀྱི་ཡིག་གཟུགས་ལ་འགའ་རེས་ལོ་ངོ་སུམ་སྟོང་གི་ལོ་རྒྱུས་ཡོད་པར་བཤད་ལ་ཞང་ཞུང་གི་ཡི་གེ་ནས་ཁྱུང་བྲིས་དང་། ཨེ་བྲིས། སྙེ་བྲིས་སོགས་རིམ་བཞིན་ཡིག་གཟུགས་སྒྱུ་རྩལ་ལ་གསར་གཏོད་དང་ལེགས་བཅོས་མང་པོ་བྱས་ནས། ད་ལྟའི་བར་དུ་འཕེལ་རྒྱས་ཟམ་མ་ཆད་པར་བྱུང་བ་རེད།

                འོན་ཀྱང་ད་ཆར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དབང་གིས་ཡིག་གཟུགས་ལག་འབྲི་བྱེད་པ་ཧ་ཅང་དཀོན་པོར་ཆགས་པས་སྲོལ་རྒྱུན་གྱི་བྲིས་གཟུགས་རྣམས་རྒྱུན་འཛིན་མ་ནུས་པར་ད་ལྟ་ཉམས་དང་ཉམས་བཞིན་པའི་སྒང་རེད། དེར་བརྟེན་འདི་ལ་རྒྱུན་སྐྱོང་དང་དར་སྤེལ་བྱེད་མ་ནུས་ན་ཀྲུང་གོའི་རིག་གནས་ཀྱི་བང་མཛོད་ཆེན་མོ་ལས་ཡིད་བཞིན་གྱི་ནོར་བུ་ཞིག་བོར་བརླག་ཏུ་སོང་བ་ལྟ་བུར་འགྱུར་སྲིད། དེ་བས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་ལོ་མང་ལ་འབད་པ་བྱས་པའི་ཡིག་གཟུགས་སྒྱུ་རྩལ་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་དུ་གཏོང་རྒྱུ་ནི་ད་ལྟ་ཕྲག་ཏུ་བབས་པའི་འོས་འགན་ཉག་གཅིག་ཡིན་པར་འདོད་དོ།།

                བྲིས་གཟུགས་ལྟ་བུར་མཚོན་ན་མི་མང་པོས་དེ་ཙམ་དགོས་མཁོ་ཅན་དུ་འདོད་བཞིན་མེད་མོད། འདིས་རིག་གནས་དང་སྒྱུ་རྩལ་གྱི་ཁ་བསྐང་ཆོག་པར་མ་ཟད།  འཚོ་བའི་གནད་དོན་ཡང་ཐག་གཅོད་ལེགས་པོ་བྱེད་ཐུབ་པ་ནི་ཤེས་དགོས་པའི་གནད་དོན་དུ་མཐོང་བཞིན་ཡོད་ཅེས་བཤད་འདུག

               སྤྱིར་ཡིག་མཁན་ངག་དབང་རྒྱ་མཚོར་མཚོན་ན། ཡིག་གཟུགས་འབྲི་སྦྱོང་བྱེད་རྒྱུ་ནི་མི་ཚེ་དང་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པས་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་ཆགས་ཡོད་འདུག ཁོང་འགྲོ་འདུག་གང་གི་སྐབས་སུའང་སྨྱུག་ཤོག་དང་འབྲི་ཆས་འབྲལ་མེད་དུ་འཁྱེར་བཞིན་མཆིས། ཁོང་གིས་གཞུང་སྒེར་གྱི་སློབ་གྲྭ་མང་པོ་དང་སྐྱ་སེར་རིས་མེད་དུ་ཡིག་གཟུགས་འབྲི་སྦྱོང་གཙོས་སུམ་དག་སྙན་གསུམ་སོགས་ལྷག་བསམ་དཀར་པོས་མ་སྐུལ་དང་བླངས་ཀྱིས་བསླབས་དང་སློབ་བཞིན་དུ་ཡོད། འདིས་ཡིག་གཟུགས་དོན་གཉེར་མཁན་གྱི་སློབ་མ་མང་པོར་ཕན་ཐོགས་པར་མ་ཟད་དགའ་བསུའང་མི་ཉུང་བ་ཐོབ་བཞིན་མཆིས།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།