མཛོད་དགེས་རོང་འབྲོག་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས།

རྩོམ་པ་པོ།   ཨོ་རྒྱན་བཀྲ་ཤིས། དུས་ཚོད།   2019-08-07   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཉེ་ཆར། མཛོད་དགེ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྷ་ཁོའི་སྣེ་ཁྲིད་འོག རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་མི་སྣས་རྟོག་ཞིབ་ཚོ་ཆུང་བཙུགས་ཏེ། མཛོད་དགེའི་སྐྱེ་ཁམས་རོང་འབྲོག་ལས་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས།

                   རྟོག་ཞིབ་ཚོ་ཆུང་གིས་སྔ་གཞུག་དུ་ཐང་སྐོར་གྲོང་རྡལ་དང་ཨ་སྐྱིད་ཡུལ་ཚོ། གཟའ་རུ་ཡུལ་ཚོ། གདོང་སྡེ་ཡུལ་ཚོ་། ཚོང་རུ་ཡུལ་ཚོ། ཆོས་རྗེ་ཡུལ་ཚོ་དང་ཨ་སྐྱིད་རོང་སོགས་སུ་སྐྱོད་དེ་ཡུལ་དངོས་ནས་སྐྱེ་ཁམས་རོང་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གང་ལེགས་བྱས། ཁོ་ཚོས་རྟོག་ཞིབ་ཁྲོད་གྲོས་མོལ་ཚོགས་འདུ་བསྡུས་ཏེ་ཞིབ་ཕྲའི་སྒོ་ནས་གྲོས་མོལ་བྱས་པ་བརྒྱུད། གཞི་རིམ་གྱི་ཐོན་ལས་འཕེལ་རྒྱས་གནས་ཚུལ་དང་། དཔལ་འབྱོར་ཡོང་ཁུངས། རྨང་གཞིའི་སྒྲིག་ཆས། ཞིང་བ་དང་ཚོང་རའི་འབྲེལ་འདྲིས་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས།

                   རྒྱུས་ལོན་པ་ལྟར་ན། གྲོས་མོལ་ཚོགས་འདུར་རྟོག་ཞིབ་ཚོ་ཆུང་གིས་མཛོད་དགེའི་སྐྱེ་ཁམས་རོང་འབྲོག་ཐོན་ལས་ཐད་གདེང་འཇོག་དང་བསམ་ཚུལ་བཏོན། ཚོགས་འདུ་ལས་བསྟན་དོན། ལྗང་མདོག་གི་སྐྱེ་ཁམས་རོང་འབྲོག་ཐོན་ལས་རྒྱུན་མཐུད་དར་སྤེལ་ཡོང་བར་བྱེད་པ་དང་། སྐྱེ་ཁམས་བདག་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་བ་ལེགས་སྒྲིག་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་མཐོ་རུ་གཏོང་བ། དུས་མཚུངས་སུ་གློག་རྡུལ་ཚོང་ལས་འཕེལ་རྒྱས་སུ་གཏོང་བ་དང་། ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་འདོན་སྤེལ་གང་ལེགས་བྱེད་པ། རོང་འབྲོག་ལས་རིགས་དེང་རབས་ཅན་དུ་འཕེལ་བར་སྐུལ་མ་གཏོང་བ་དང་ཐོན་རྫས་ཉོ་ཚོང་སོགས་ཀྱི་ཕྱོགས་ནས་ཁྱད་ལྡན་གྱི་རྟགས་མ་བཟོས་ཏེ་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་དགོས་སོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།