རེ་བའི་མྱུ་གུ་ལ་ཤེས་བྱའི་ཆར་དུ་བསྙིལ།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2019-08-07   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

མི་ལོ་དགུ་ཡི་བརྩོན་པ་རྒྱ་ཆེ་དང་།།

ཡུལ་གྱིས་བསྐལ་བ་ཁག་པོར་མ་གོ་བར།།

ཤེས་བྱས་སྐོམ་པ་སྐལ་ལྡན་གཞི་ཞིང་དུ།།

རེ་བའི་མྱུ་གུ་འབུས་བར་ཆར་བསྙིལ་ཏོ།། 

               ད་ལོར། རྒྱལ་སའི་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་སྐོར་ཞིག་གིས་གྲུབ་པའི་མཛོད་དགེའི་ཞིང་ཁུང་རུ་ཁག་ཅེས་པའི་སློབ་ཁྲིད་བྱེད་རོགས་ཀྱི་ཚོགས་པ་དེ་ཡང་བསྐྱར་རང་ཁུལ་གྱི་མཛོད་དགེ་རྫོང་དུ་འབྱོར་ཏེ། སློབ་ཁྲིད་བྱེད་པའི་ལས་ལ་གཞོལ།

               འདི་ནི་རྒྱལ་སའི་དགེ་འོས་སློབ་ཆེན་གྱི་དབྱར་གནང་གི་སྤྱི་ཚོགས་ལག་ལེན་བྱེད་སྒོ་མཛོད་དགེ་བོད་ཡིག་སློབ་འབྲིང་དུ་བསྐྱོད་ཐེངས་དགུ་བ་ཡིན་པ་དང་། སློབ་ཆེན་དེའི་སྡེ་ཁག་དུ་མ་ནས་ཡོང་བའི་ཞིབ་འཇུག་སློབ་མ་29ད་ཐེངས་ཀྱི་སློབ་ཁྲིད་བྱེད་པའི་ཚོགས་པར་ཞུགས་ཏེ། སློབ་ཐུན་གྱི་གནད་འགྲོལ་བའི་ཐབས་ཤེས་དང་། ཀུན་གྱིས་གོ་སླ་བའི་སྒོ་ནས་སློབ་ཁྲིད་བྱས་པས། སློབ་མའི་སློབ་ཁྲིད་ལ་ཉན་པའི་སྤྲོ་བ་འཕེལ་ཞིང་བློ་རྒྱ་ཡང་བསྐྱེད། སློབ་གྲོགས་ལྷ་མོ་སྒྲོལ་མས་དགེ་རྒན་གྱིས་ཐབས་ལམ་མི་འདྲ་བ་བཀོལ་ཏེ་ང་ཚོར་སློབ་ཁྲིད་བྱས་པས། ང་ཚོས་བསླབ་ཚན་དེ་ལ་རྒྱུས་ཡག་པོ་ལོན་པ་དང་། སློབ་པའི་སྤྲོ་བ་སྐྱེས་ཟེར། 

            རྒྱལ་སའི་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཉིའུ་ཐའོ་ཡིས། འདི་ཕྱོགས་ཀྱི་སློབ་གྲོགས་ཚོ་རང་རྒྱལ་གྱི་གནའ་བོའི་རིག་གནས་ལ་སྤྲོ་བ་ཡོད་པ་ཁོ་བོས་ཤེས་རྟོགས་བྱུང་། དེ་བས་ངས་སློབ་ཁྲིད་ཁྲོད་ནས་དེ་ལ་ལྷག་པར་ཉམས་བཞག་སྟེ་དེའི་སྐོར་རྒྱས་པར་སྤྲོས་པ་ཡིན་ཟེར། ཁོ་ཚོའི་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་ནས་སློབ་མ་རྣམས་ཀྱིས་དཔེ་དེབ་ཁོ་ནའི་ནང་གི་ཤེས་བྱ་ལས་གཞན་ཕྱི་རོལ་ཡུལ་གྱི་གནས་ཚུལ་མང་པོ་ཞིག་ཀྱང་ཤེས་པར་གྱུར།    

            རྒྱུས་ལོན་པ་ལྟར་ན།  ཁོ་ཚོས་སློབ་མ་རྣམས་འཛིན་གྲྭ་ལྔ་རུ་བགོས་ཏེ། གྲངས་རིག་དང་ལོ་རྒྱུས་སོགས་སློབ་འབྲིང་གི་ཁྲིད་ཚན་ཁག་ལས་གཞན་སློབ་མ་རྣམས་ཀྱི་མོས་པ་ལྟར་སེམས་ཁམས་རིག་པ་དང་ཡིག་གཟུགས་སོགས་ཀྱང་སློབ་ཁྲིད་བྱེད་བཞིན་འདུག

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།