ཀ་བཤད་ཟོལ་བྲལ་བདེན་གཏམ།

རྩོམ་པ་པོ།   དུས་ཚོད།   2019-08-05   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

ཀ་ཅིའི་རས་དཀར་ཐང་ལ་བཀྲམས་པའི་སྟེང་། །

ཁ་དོག་ཕུན་ཚོགས་གོས་ཆེན་རབ་དྲས་ཏེ། །

ག་ལེར་ཁབ་སྐུད་ལས་འཚེམ་གོས་སྐུ་དེར། །

ང་ནི་མཐོང་བ་ཙམ་གྱིས་ཡིད་དབང་འཕྲོག །


ཅ་ག་དག་པའི་གོས་སྐུ་སྤུས་ལེགས་དེའི། །

ཆ་ཤས་རེ་རེའི་རྨད་བྱུང་ཕྱག་རྩལ་གྱིས། །

ཇ་ཤིང་མེ་ཏོག་མཛེས་དཔལ་རྒྱན་དང་ལྷན། །

ཉ་རྒྱས་ཟླ་བའི་མཚར་སྡུག་སྐྱེངས་པར་བྱེད། །


ཏ་ལེར་གསལ་བའི་སྣང་བརྙན་རེ་རེ་ལ། །

ཐ་དད་གྱུར་བའི་ཉམས་འགྱུར་མི་འདྲ་བ། །

ད་ལྟ་གོས་དྲུབ་པ་ཡི་སོར་རྩེ་ལས། །

ན་བུན་བཞིན་དུ་མ་འདྲེས་སོ་སོར་འབྱེད། །


པ་སངས་མདོག་ལྟར་དཀར་བའི་སྤྲིན་ཕུང་དབུས། །

ཕ་རོལ་གཏི་མུག་འཇོམས་མཁས་མཁས་དབང་ཚོགས། །

བ་སྤུ་གཡོ་ནུས་དད་པའི་དཔལ་སྟེར་བ། །

མ་བཅོས་བསོད་ནམས་ཞིང་གི་རྒྱན་དུ་བསྐྲུན། །


ཙ་ཏུར་མཆེ་ལྡན་ནག་པོ་བསྐོར་གསུམ་གྱི། །

ཚ་དྲག་ཆེ་བའི་སྣང་བརྙན་མཇལ་བའི་མོད། །

ཛ་ཡའི་བསྟན་ལ་འཚེ་བའི་མཐའ་དམག་དཔུང་། །

ཝ་སྐྱེས་སེང་གེ་མཐོང་བའི་དཔེ་ཟླར་སྙེགས། །


ཞ་ཆག་མེད་པའི་མེས་པོའི་ཕྱག་རྩལ་དེ། །

ཟ་འོག་གོས་བཞིན་ཀུན་དགའི་གཟིགས་མོ་རུ། །

འ་ཅག་གོས་དྲུབ་དབུ་ཆེན་རྣམ་པ་ཚོས། །

ཡ་མེད་ཕྱག་རྩལ་གངས་ཅན་རྒྱན་དུ་ངོམ། །


ར་རི་བྲལ་བའི་སྟོན་ཟླའི་དཔལ་ཡོན་ལ། །

ལ་ལ་ཙམ་མིན་ཀུན་གྱིས་བསྔགས་པ་ལྟར། །

ཤ་ལག་བདེ་བའི་གོས་དྲུབ་ཕྱག་རྩལ་ལ། །

ས་སྟེང་གཟུ་བོས་བསྟོད་པ་མི་འབུལ་སུ། །


ཧ་ལས་དགོས་པའི་གོས་སྐུ་བཞེངས་རྩལ་ལ། །

ཨ་མའི་བུ་ཆུང་དབང་མེད་ཡིད་འཕྲོག་སྟེ། །

ཧ་སོང་མེད་པའི་ཟོལ་བྲལ་བདེན་གཏམ་འདི། །

ཨ་ཕོ་གོས་དྲུབ་དབུ་ཆེན་རྣམས་ལ་འབུལ། །

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།