སྡེ་ཁག་གསུམ་གྱིས་འདིའི་སྐོར་ལ་བླང་བྱ་གལ་ཆེན་བཏོན་འདུག

གཞིས་སྲུང་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་ཇི་ལྟར་སྲུང་སྐྱོང་བྱ་དགོས། སྡེ་ཁག་གསུམ་གྱིས་བླང་བྱ་འདི་དག་བཏོན་འདུག

རྩོམ་པ་པོ།   དུས་ཚོད།   2019-08-05   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

                    ཉེ་ཆར་དམངས་སྲིད་པུས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་སྲུང་སྐྱོང་དང་དཀའ་ངལ་ཡོད་པའི་བྱིས་པར་འགན་ལེན་བྱེད་པའི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་འབྲེལ་གཏུག་པའི་ཚོགས་འདུ་འཚོགས་ནས་མིག་སྔར་ལྷག་པའི་བྱིས་པ་ཁག་ཅིག་ལ་ལྟ་སྐྱོང་གནད་ལ་མི་འཁེལ་བ་དང་། དབང་གནོད་གནོད་འཚེ། མི་ལུས་བདེ་འཇགས་སོགས་ཀྱི་གནད་དོན་འཕྲད་པའི་ད་ལྟའི་གནས་ཚུལ་ལ་དམིགས་ཏེ་འབྲེལ་ཡོད་སྡེ་ཚན་ཁག་ལ་འགན་འཁྲི་ཁག་བགོས་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱས་ཏེ“མཉམ་ཤུགས་ངང་ལྟ་སྐྱོང་དང་། མཉམ་དུ་འཚར་ལོངས་ཡོང་བའི”གཅེས་སྐྱོང་བྱ་སྤྱོད་མུ་མཐུད་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

དམངས་སྲིད་པུས་ལྟ་སྐྱོང་གི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་བསྟན།

                  དམངས་སྲིད་པུས་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ལྟ་སྐྱོང་གི་འགན་འཁྲི་ཁུར་ནས་ལྟ་སྐྱོང་ཡག་པོ་མ་བྱས་པའམ་ཡང་ན་མངགས་བཅོལ་ལྟ་སྐྱོང་བྱེད་མཁན་ལ་ལྟ་སྐྱོང་བྱེད་ནུས་མེད་པའི་གནས་སུ་གྱར་བའི་གྲོང་གསེབ་ཀྱི་གཞིས་སྲུང་བྱིས་པར་ཁྲིམས་ལྟར་དུས་ཐོག་ཏུ་གནས་སྐབས་ལྟ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ངེས་པར་སྙན་སེང་ཞུ་བའི་འོས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། བྱིས་པར་གནོད་འཚེ་ཕོག་པའམ་ཡང་ན་གནོད་འཚེ་ཕོག་པའི་དོགས་པ་ཡོད་པ། ལྟ་སྐྱོང་བྱེད་མཁན་གྱིས་ལྟ་སྐྱོང་བྱ་ཡུལ་གྱི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་བྱ་སྤྱོད་དང་། དེ་བཞིན་ལྟ་སྐྱོང་གི་འགན་འཁྲི་སྒྲུབ་པར་སྣང་ཆུང་བྱས་ནས་ལྟ་སྐྱོང་བྱ་ཡུལ་ཉེན་ཁའི་གནས་སུ་གྱར་བ་སོགས་ཀྱི་བྱ་སྤྱོད་རིགས་ལ་སློབ་གྲྭ་དང་། བུ་བཅོལ་ཁང་། གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་། རོགས་སྐྱོབ་དོ་དམ་སྒྲིག་གཞི། ཕན་བདེའི་སྒྲིག་གཞི་སོགས་སྡེ་ཚན་གྱིས་དུས་ཐོག་ཏུ་ཤེས་རྟོགས་དང་སྙན་སེང་ཞུ་དགོས་པ་མ་ཟད། འབྲེལ་ཡོད་མཇུག་འབྲས་ཐོན་རྒྱུ་སྔོན་འགོག་དང་བཀག་འགོག་བྱེད་དགོས།

                 ན་སོ་དར་ལ་མ་བབས་པའི་མིའི་རོགས་སྐྱོབ་སྲུང་སྐྱོང་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་ཕྱོགས་ནས་ཤེས་བྱ་སྒྲོག་འགྲེལ་དང་གཅེས་སྐྱོང་མཁོ་འདོན་བྱེད་དགོས། ས་གནས་ཁག་གིས་དུས་ཚིགས་རེར་མ་ལག་གི་གྲངས་གཞི་གསར་བརྗེས་བྱེད་པ་དང་། དོན་རྐྱེན་གལ་ཆེན་ལ་ལྡོག་བཤེར་བྱེད་པའི་ལམ་སྲོལ་བཙུགས་ནས་སྐྱོན་ཆ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

སློབ་གསོ་པུས་སློབ་ཁྲིད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་འགུལ་རྣམ་གྱིས་སློབ་གྲྭར་འགྲོ་མཚམས་བཞག་པའི་གནས་ཚུལ་ལྟ་འཛིན་བྱེད་དགོས་པ་བསྟན།

                   སློབ་གསོ་པུས་ས་གནས་ཁག་གིས་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་ཁྲིད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་བ་དང་། གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པ་ཞག་སྡོད་སློབ་གྲྭར་སྔོན་ལ་བཀོད་སྒྲིག་བྱེད་པ། སློབ་གྲྭའི་རླངས་འཁོར་དུ་སྔོན་ལ་སྡོད་པ། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱེད་པ། ས་ཁུལ་དབུལ་པོ་དང་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་གཙོ་གནད་དུ་བཟུང་ནས། དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང་ཚང་མར་ཁྱབ་པ་བྱས་ནས་སློབ་མ་ཁྲི་3700ལྷག་ཙམ་ལ་ཕན་པ་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

                   ས་གནས་ཁག་གིས་གཞིས་སྲུང་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་འགན་ལེན་ལས་དོན་གྱི་གཙོ་གནད་དུ་བརྩིས་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་གྲྭའི་སློབ་ཁོངས་ཆ་འཕྲིན་དོ་དམ་མ་ལག་དང་རྒྱལ་ཁབ་ཀྱི་མི་འབོར་རྨང་གཞིའི་ཆ་འཕྲིན་མཛོད་ཀྱི་ཞིབ་བསྡུར་ཞིབ་བཤེར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འགུལ་རྣམ་གྱིས་སློབ་མཚམས་བཞག་པའི་གནས་ཚུལ་ལྟ་སྐུལ་ཚོད་འཛིན་བྱས་ནས་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ། འཕྲལ་མར་ཕྱིར་ལོག་ཁ་ཏ་བསླབ་བྱ་བྱེད་པ་བཅས་བྱེད་དགོས། ཤིན་ཏུ་དབུལ་བའི་རྫོང་གཙོ་གནད་དུ་བྱས་ནས་སློབ་མཚམས་འཇོག་རྒྱུར་ཚོད་འཛིན་དང་འགན་ལེན་བྱེད་པའི་རྒྱལ་ཁབ་རིམ་པའི་གཙོ་གནད་ལྟ་ཞིབ་ཚད་ལེན་རྫོང་374གཏན་འཁེལ་བྱས་པ་དང་། ལོ་གསུམ་བསྟུད་མར་ལྟ་ཞིབ་ཚད་ལེན་བྱས་ནས་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པ་སློབ་ཤོར་མི་བྱེད་པ་འགན་ལེན་བྱས་པ་རེད། སློབ་གྲྭ་འབྲིང་ཆུང་གི་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་གྲྭའི་སློབ་ཁོངས་མ་ལག་བཙུགས་ནས་མཉམ་ཁྲིད་བུ་ཕྲུག་ཞིང་ཆེན་སྒྲོལ་ནས་སློབ་གྲྭ་གཞན་དུ་བསྒྱུར་བའི་བརྒྱུད་རིམ་ཧྲིལ་པོར་དྲ་ཐོག་ནས་གཉེར་ཐུབ་པ་བྱུང་ཡོད། 2018ལོར་རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་དང་མཉམ་དུ་ཡོང་བའི་བུ་ཕྲུག་ཁྲི་1424ཡུལ་དེར་སློབ་གྲྭར་སྐྱོད་ཐུབ་པ་བྱུང་ཡོད།

སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཝང་ཏེ་ན་རེ།

                      གོམ་སྟབས་རྗེས་མར་སློབ་གསོ་པུས་གྲོང་གསེབ་ཀྱི་སློབ་གྲྭ་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་2020ལོའི་ལོ་མཇུག་ཏུ་སླེབས་སྐབས་ས་གནས་ཁག་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཤང་དང་གྲོང་རྡལ་གྱི་སློབ་གྲྭ་དང་གྲོང་གསེབ་ཀྱི་སློབ་གྲྭ་བཀོད་སྒྲིག་བྱས་ཏེ། གཞི་རྩའི་ཆ་ནས་སློབ་གྲྭ་རིགས་གཉིས་ཀྱི་ཞན་ཆ་ཁ་གསབ་བྱ་རྒྱུ་དང་། སློབ་གཉེར་ཆ་རྐྱེན་དེ་གནས་སའི་ཞིང་ཆེན་གྱི་གཞི་རྩའི་སློབ་གཉེར་ཚད་གཞིར་སླེབས་པ་བྱས་ནས་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ལྟ་སྐུལ་ལ་ཤུགས་སྣོན་དང་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་པ།

                      གཞིས་སྲུང་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པ་ནི་གནོད་འཚེ་ཕོག་སླ་བའི་ཚོགས་སྤྱི་ཞིག་ཡིན་པས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་གཞིས་སྲུང་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་ཁྲིམས་འཛིན་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བསྟན།

                     2018ལོ་ནས་བཟུང་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་གྱོད་གཞི་103དང་མི་140ཁྲིམས་སྦྱོར་བྱས་པ་དང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་གནོད་འཚེ་བཏང་བའི་ཉེས་གསོག་གྱོད་གཞི་3600ལྷག་ཙམ་ཞུ་གཏུག་བྱས་པ། གཞིས་སྲུང་བྱིས་པར་མཚན་མའི་གནོད་འཚེ་དང་། ལྐོག་འཚོང་དང་། བསླུ་བྲིད། བཙན་ཁྲིད། དོར་བ། གནོད་འཚེ་གཏོང་བ། སྡུག་གཅོད་གཏོང་བ་བཅས་དང་དེ་བཞིན་གཞིས་ལུས་བྱིས་པར་ངན་སྐུལ་དང་། བཙན་ཤེད། བེད་སྤྱོད་བཅས་བྱས་ནས་ཉེས་པ་བསགས་རིགས་འཛིན་བཟུང་དང་ཞུ་གཏུག་མགྱོགས་པོ་བྱས་ཡོད། དུས་མཚུངས་ལྟ་སྐྱོང་པས་རྐང་བཙུགས་ནས་ཉེས་ཆད་ནན་པོ་གཅོད་པའམ་ཡང་ན་ངན་སེམས་བཅངས་ནས་ལྟ་སྐྱོང་གི་འགན་འཁྲི་མི་འཁུར་བའི་ཉེས་གསོག་བྱ་སྤྱོད་ལ་ཉེས་ཆད་ནན་པོ་གཅོད་དགོས། 2018ལོ་ནས་བཟུང་ལྟ་སྐྱོང་ཡག་པོ་མ་བྱུང་བའི་དབང་གིས་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་ཕོག་པའམ་ཡང་ན་ན་སོ་དར་ལ་མ་བབས་པའི་མི་ཉེན་ཁའི་གནས་སུ་གྱར་རིགས་ལ་ཞུ་གཏུག་54རྒྱབ་སྐྱོར་བྱས་པ་དང་ཞིབ་དཔྱོད་ཀྱི་གྲོས་འགོ་63བཏོན་ཡོད།

                      ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བླང་བྱ་བཏོན་དོན། གོམ་སྟབས་རྗེས་མར་གཞིས་སྲུང་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་གནོད་འཚེ་བཏང་བའི་ཉེས་གསོག་ལ་གྱོད་གཞི་ཡོད་ཀྱང་ཐོ་འགོད་མི་བྱེད་པ་དང་། བྱས་ཉེས་ཡོད་ཀྱང་བདའ་འདེད་མི་གཏོང་བ། བྱས་ཉེས་ཚབས་ཆེ་ཡང་ཁྲིམས་གཅོད་མི་བྱེད་པ་བཅས་ཀྱི་རིགས་ལ་ལྟ་སྐུལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་ལོ་ན་མ་སོན་པའི་སྐྱེ་བོར་གནོད་འཚེ་བཏང་བའི་ཉེས་བསགས་ཆ་འཕྲིན་མཛོད་བཙུགས་ནས་ལོ་ན་མ་སོན་པའི་སྐྱེ་བོ་དང་འབྲེལ་བ་ཡོད་པའི་ལས་རིགས་ལས་ཐོག་ཏུ་ཞུགས་པར་འདྲི་རྩད་དང་ལས་གཉེར་ཚོད་འཛིན་བྱེད་པའི་ལམ་ལུགས་ཆགས་པར་སྐུལ་འདེད་གཏོང་དགོས།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཐིང་དགུ་པའི་ཐིང་ཀྲང་ཧྲི་ཝུའེ་ཀྲུང་ན་རེ། 

                    ང་ཚོས་ད་དུང་12309ཞིབ་དཔྱོད་ཞབས་ཞུའི་ལས་སྟེགས་ཁྲོད“ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་འཛིན་སྲུང་སྐྱོང་བྱེད་པའི”ཆེད་གཏོགས་ཁུལ་བཙུགས་ནས། གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་སྲུང་སྐྱོང་བྱེད་པའི་ཞུ་གཏུག་དང་ཞུ་གཏུག་ཐབས་ལམ་སྔར་བས་ཇེ་ཡངས་སུ་བཏང་ནས། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་སྲུང་སྐྱོང་བྱེད་པའི་ལས་ཕྱོད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཡིན།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།