ཨ་ལེས།

​ལྷམ་ཆུང་ཆུང་ཞེས་པའི་གློག་བརྙན་ཞིག་ལ་བལྟས་པ།

རྩོམ་པ་པོ།   དུས་ཚོད།   2019-07-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                 ཁྱེད་རང་གཅིག་པུར་ལྷིང་འཇགས་ཀྱི་སློབ་གྲྭ་དེ་ནས་ཅི་འདྲའི་སྙིང་ཉེ་ཞིང་ཤ་ཚའང་།ཁྱོད་ཀྱི་རྙིང་ཧྲུལ་དུ་སོང་བའི་ལྷམ་དེ་ཁོ་ནའི་ཆེད་དུ་ཁྱེད་ཀྱིས་སྒོ་སྲུང་དེའི་མདུན་ནས་རང་ཚུགས་ཐེངས་མང་བོར་དོར་མྱངས།

                 ཨ་ལེས། ཁྱོད་ཀྱིས་འཚོ་བ་ཅི་འདྲའི་དཀའ་སྡུག་ཆེ་ནའང་ཁྱོད་རང་སྔར་བཞིན་སྒལ་ཚིགས་ཅན་ཞིག་དང་བྱིས་པ་སྙིང་རུས་ཅན་ཞིག་ཡིན་པ་སུ་ལའང་གསལ།

                 ཨ་ལེས། ཁྱེད་ཚང་གི་ནུ་མོའི་ལྷམ་དེ་བོར་བའི་རྐྱེན་གྱིས་ཁྱེད་རང་དཀའ་སོང་།ཁྱེད་ཚང་གི་ཨ་མའི་ནད་ཡམས་དེའི་ཆེད་དུ་ཁྱེད་རང་སྡུག་སོང་།ཁྱེད་དང་ཁྱེད་ཀྱི་ནུ་མོས་བྱ་སྤྱོད་དང་གནས་བབ་བསམ་ན་ཅི་ཡང་མི་ཤེས་པའི་ལྟད་མོ་བ་གླེན་པ་ངའི་ནང་སེམས་མཆི་མས་བརླན་སོང་ལ་དེ་དུས་ཀྱི་ཁོར་ཡུག་དང་འཚོ་བ་བསམ་ན་རང་ཉིད་སྐྱིད་པ་གཞི་ནས་ཚོར་སོང་།

                 ཨ་ལེས། ཐེངས་ཤིག་ལ་ཁྱེད་རང་ཡང་བསྐྱར་རྗེས་སུ་ལུས་ཏེ་འཇིགས་སྐྲག་གིས་ཁེངས་ཞོར་སྒོ་སྲུང་དེར་རྐང་འཇབ་ལག་འཇབ་ངང་སློབ་ཁང་དུ་སོང་ཡང་སྒོ་སྲུང་དེས་ཁྱེད་ལ་ལྟ་རྟོགས་བྱེད་ཆེད་བསམ་གྱིས་ཁང་ཀླད་དུ་སོང་ནས་ཁྱོད་རང་བསྒུག་ཡོད་པར་འཕྲད་དེ་ཉམས་ཆུང་ཞིང་ལས་ངན་པའི་སློབ་མ་སྙིང་རྗེ་ཁྱེད་རང་སྒོ་སྲུང་གི་ལག་ཏུ་ཤོར་སོང་བ་དང་སྒོ་སྲུང་དེས་ཁྱོད་རང་ཐེངས་མང་བོར་རྗེས་སུ་ལུས་པར་བསམ་ཞིང་ལྷག་པར་དུ་ཁྱོད་རང་བྱིས་པ་ཡིན་པས་ཁྱོད་ཚང་གི་ཁྱིམ་གྱི་གནས་ཚུལ་དང་གནས་བབ་ལ་འདང་མ་བརྒྱབ་ལ་ཅི་ཡང་མ་དྲིས་བར་ཁྱེད་རང་རྩེད་དུ་སོང་བར་སྒོམ་ནས། ཁྱོད་རང་སློབ་གྲྭ་ནས་ཕྱིར་ཕུད་གྲབས་བྱས་ཤིང་ཁྱོད་ལ་ཨ་ཕ་ཁྲིད་ཤོག་ཟེར་སྐབས་ཁྱེད་ཀྱིས་ཉམ་ཐག་ཅིང་ཡིད་སྐྱོ་ལ་སྙིང་རྗེ་བའི་རྣམ་འགྱུར་ཞིག་དང་མཉམ་དུ་ཨ་ཕ་ལས་ཞུགས་ལ་འགྲོ་དགོས་ཤིང་ཨ་མར་ནད་ཡམས་ཤིག་ཕོག་འདུག་པས་ཡོང་ཐབས་མེད་ཟེར་ནས་མིག་ནས་མཆི་མ་བཞུར་དུས།སྒོ་སྲུང་དེས་སྙིང་རྗེ་དང་འདང་རྒྱག་མེད་པར་ཁྱེད་ལ་བཀའ་བཀྱོན་ཡིད་ཚིམས་པ་ཞིག་བྱས་ནས་ཕྱིར་སོང་ཟེར་བ་མཉམ་དུ་ཁྱེད་ཀྱི་ཡི་མུག་པའི་ཉམས་འགྱུར་ཞིག་དང་མཉམ་དུ་ཕྱིར་འགྲོ་དུས། ངའི་མིག་གོང་ནས་མིག་ཆུ་ལྡོག་འགའ་བཞུར་ནས་སྙིང་གི་ཆེས་ཟབ་སར་ཐུམ་སོང་ལ་བརྗོད་དུ་མེད་པའི་སྐྱོ་སྣང་ཞིག་གིས་ནང་སེམས་རབ་ཏུ་མནར།

               ཨ་ལེས། ཁྱེད་ཀྱི་གནས་བབ་དང་འཚོ་བ་མཐའ་དག་གིས་ང་ལ་བདེ་སྐྱིད་ཅེས་པའི་ཡང་སྙིང་རྟོགས་སུ་བཅུག་སོང་།ཨ་ལེས། ཁྱེད་ཀྱི་གཏམ་རྒྱུད་དེ་ང་ལ་མཚོན་ན་ཆེས་རྙེད་དུ་མེད་པའི་ལོངས་སྤྱོད་ཅིག་ཡིན།

               ཨ་ལེས། ཁྱེད་ཀྱི་རྙིང་ཧྲུལ་དུ་སོང་བའི་ལྷམ་ཆ་དེའི་ནང་དུ་ཉམ་ཐག་ཅིང་ཡི་མུག་པའི་ཁྱིམ་ཚང་ཞིག་གི་གནས་བབ་དང་རྣམ་ཐར་དོད་ཡོད་ལ།དྲན་མི་ཕོད་པའི་སྤྱི་ཚོགས་ཤིག་གི་འཚོ་བ་དོད་ཡོད།

               ཨ་ལེས། ཁྱེད་རང་མ་སྐྱོ། ཁྱེད་རང་མ་སྡུག ལྷག་ཏུ་མ་ཕམ།

               འཇིག་རྟེན་ན་རྒྱུ་འབྲས་ཟེར་བ་ཞིག་ཡོད་སྲིད་ན་ཁྱེད་ཚང་ལ་བདེ་སྐྱིད་ཅིག་ཡོད་ངེས་ཡིན།ཨ་ལེས།དྲང་བོར་བཤད་ན་ཁྱོད་ཚང་གི་འཚོ་བའང་ཤིན་ཏུ་སྐྱིད།རྒྱུ་མཚན་ཁྱེད་ཚང་གི་མི་རེ་རེའི་སེམས་པ་དྲང་བདེན་དང་སྙིང་རྗེས་ཕྱུག་ཡོད།

                ཐེངས་ཤིག་ཁྱེད་ལ་སློབ་གྲྭ་ནས་བྱ་དགར་གནང་བའི་སྨྱུ་གུ་དེ་ཐེ་ཚོམ་དང་འགྱོད་གདུང་མེད་པར་རང་གི་མཛའ་མོར་ཕུལ་བས་ཁྱེད་ཀྱི་ལྷད་མེད་པའི་བརྩེ་སེམས་ལ་ཡི་རངས་དང་དད་མོས་བྱས་ཡོད།ཁྱེད་ཚང་གི་འཚོ་བ་ཧ་ཅང་ཐབས་སྡུག་ཅིང་ཐ་ན་ལྷམ་ཆ་གཅིག་ཉོ་བྱེད་ཀྱི་སྒོར་མོའང་མེད་པའི་དུས་དེར་གསེར་གྱི་མདོག་ཅན་གྱི་སྨྱུ་གུ་དེ་རང་གི་མཛའ་མོར་ཕུལ་བ་དེས་ང་ལ་ངའི་རང་གི་མཛའ་མོར་མང་པོ་ཞིག་ཆད་པ་གཞི་ནས་རྟོགས་སུ་བཅུག་སོང་།

               ཨ་ལེས། ཁྱེད་ཀྱི་བྱ་སྤྱོད་ཕྲན་བུ་རེ་རེས་ང་ལ་རྙེད་དུ་མེད་པའི་སློབ་གསོ་ཐོབ་མྱངས་ལ་ཁྱེད་ཀྱི་མཛའ་མོར་ཕུལ་བའི་དྭངས་གཙང་གི་སེམས་འདུན་རེ་རེས་ང་ལ་བརྩེ་དུང་ཟེར་བའི་ཐ་སྙད་ཅིག་གི་ཡང་སྙིང་བསྟན་སོང་།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།