ཁ་བ་དང་ཕ་ཡུལ་།

རྩོམ་པ་པོ།   དུས་ཚོད།   2019-07-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               དགུན་གནང་ལ་ཕ་ཡུལ་དུ་བསྐྱོད་དུས་ཁ་བའི་འདབ་མ་རེ་རེ་དཀར་གཙང་གཙང་གི་ངང་ཁོ་བོའི་ངོ་གདོང་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་འཛིན་མར་ཡོངས་སུ་བབ་བྱུང་།ངས་ཁ་བ་ནི་བོད་པའི་རྣམ་དག་གི་བརྩེ་བ་དང་སྙིང་རྗེ་ཡ་རབས་དྲང་བདེན་མཚོན་པའི་དན་རྟགས་རེད་བསམས་སོང་།དེ་བས་བོད་འཚོ་སྡོད་བྱེད་སའི་མཚོ་བོད་མཐོ་སྒང་ན་ད་བཟོད་ཁ་བ་ཡོད་པ་རེད།ཁ་བའི་མཛེས་སྡུག་གི་གཟི་དཔལ་ཡོད་པ་དྲན།

              ཉིན་འདི་དག་ལོ་སར་ཀྱི་ཕྱི་ནང་རེད།དེ་བས་ཕ་མ་དང་ཁྱིམ་མི་གྲོགས་པོ་དག་དང་མཉམ་དུ་དགའ་དགའ་སྤྲོ་སྤྲོ་བྱས་ནས་ཡོད།ཟས་མཆོག་སྦྲང་དཀར་རྩམ་པ་གྲོ་མ་མར་ཁུ་སོགས་བོད་ཀྱི་ཐུན་མིན་གྱི་ཁ་ཟས་དང་འོ་ཇ་བཏུང་བཞིན་ཡོད།ང་དང་འདྲ་བར་དུས་ཚིགས་འདི་ནི་བོད་མི་ཡོངས་ཀྱི་ལོ་འཁོར་གཅིག་གི་ཆེས་སྤྲོ་བའི་དུས་ཤིག་རེད།ད་དུང་ཐག་ཉེ་རིང་ན་གནས་པའི་སྤུན་མཆེད་མིང་སྲིང་ཚོ་མཉམ་འཛོམས་ཀྱི་དུས་ཁྱད་པར་བ་ཞིག་ཀྱང་རེད།

             ཕ་ཡུལ་དུ་འབྱོར་དུས་སླར་ཡང་ཁ་བ་བབ་སོང་། ངས་ཕ་ཡུལ་གྱི་མཛེས་པ་དང་ཕ་མའི་བརྩེ་བ་ཁ་བ་དང་མཉམ་དུ་མཐོང་བྱུང་། བོད་འདི་རྟགས་དང་རྟེན་འབྲེལ་ལ་ལྟོས་པས་ད་ནི་རྟེན་འབྲེལ་འགྲིག་སོང་།ཕ་ཡུལ་གྱི་མི་དག་གིས་ཀྱང་ཁ་བ་ལྟར་གཙང་བའི་ཁ་གཏགས་དཀར་པོ་རེ་བཟུང་ནས་རྟེན་འབྲེལ་འགྲིག་སོང་ཟེར།ད་དུང་བོད་མི་བྱིངས་ཀྱིས་རྟེན་འབྲེལ་དང་སྨོན་ཚིག་ཏུ་བརྩི་བའི་བཀྲ་ཤིས་བདེ་ལེགས་སོགས་ཁ་གཡང་དང་སྨོན་འདུན་ཀྱི་རྒྱུད་མངས་འཁྲོལ།

            ལོ་གསར་མཚམས་འདིར་ཁ་བ་བབ་ན་དེ་ལས་ཀྱང་ཡག་པོར་རྩི་སྲོལ་ཡོད།ལྷག་ཏུ་ལོ་སར་ཚེས་གཅིག་ཁ་བ་གསེར་ལས་དཀོན་ཞེས་པ་ནང་བཞིན་ལོ་གསར་བའི་ཉིན་དང་པོའམ་ཚེས་གཅིག་གི་ཉིན་མོར་ཁ་བ་བབས་པ་གསེར་ལས་ཀྱང་དཀོན་མོར་བརྩི།

ཡིན་ཡང་ད་ལོར་ཚེས་གཅིག་ཉིན་ཁ་བ་བབ་མ་བྱུང་མོད་ཉིན་དེའི་སྔ་ཕྱི་དག་ཏུ་ཁ་བའི་འདབ་མ་དག་གནམ་སྔོན་པོས་གུར་ཁང་ན་ལྷ་དང་ལྷ་མོ་སུ་ཞིག་གིས་མི་ཡུལ་གྱི་ཁམས་ཆེན་པོ་འདིར་ཆེད་དུ་ལོ་སྐལ་དུ་བསྒོས་པ་ནང་བཞིན་མཛེས་སྡུག་གིས་བབ་སོང་།

           དེ་བས་བོད་མི་དང་ཁ་བའི་འབྲེལ་བ་ནི་རང་ག་ཙམ་ཞིག་མིན་པར་དུས་རབས་ནས་མི་རབས་བར་དུ་ཕན་ཚུན་སེམས་དང་སེམས་འབྲེལ་ནས་འོང་བ་ཡིན་ཡང་བོད་མི་དག་གི་སེམས་སུ་ཁ་བ་ནི་གང་གིས་ཀྱང་མཚོན་དུ་མི་བཏུབ་པའི་གོ་གནས་གལ་ཆེན་ཞིག་བཟུང་ཡོད།སྔོན་ཆད་དཔེ་དེབ་ཅིག་ཏུ་བོད་ཁྱི་ཞིག་ཕྱི་རྒྱལ་བ་ཞིག་གིས་གསོས་པས་དུས་རྒྱུན་མི་དགའ་བའི་ཉམས་བསྟན་ཅིང་ཉལ་ནས་འདུག་མོད་ཁ་བའི་ཁྲོད་དུ་སྐྱིད་ཉམས་ཀྱིས་འགྲེ་ལྡོག་བྱེད་ཅིང་བདག་པོ་ལའང་དགའ་རྩེད་བྱེད་པའི་གཏམ་རྒྱུད་སྙིང་རྗེ་བ་ཞིག་མཐོང་མྱངས།དེས་ཀྱང་བོད་མི་མ་ཟད་བོད་ཁྱི་སོགས་བོད་ཀྱི་སྲོག་ཆགས་དང་ཁ་བའི་བར་གྱི་བརྩེ་བ་ནི་སྤྱིར་བཏང་ཞིག་མིན་པ་ཤེས་ཐུབ།དེ་བས་ང་ཕ་ཡུལ་ལ་དགའ།ཕ་ཡུལ་གྱི་དྭངས་གཙང་གི་ཁ་བ་ལ་དགའ།ཕ་ཡུལ་དང་ཁ་བ་ངེད་ཅག་ལ་ཚེ་རབས་སྟོང་གི་ལས་འབྲེལ་ཡོད།བརྩེ་བ་ཡོད་དོ།།

                                                                                                                                            རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།