མའོ་རྫོང་གིས་ལོ་3རིང་ལ་མ་དངུལ་སྒོར་ཁྲི་700བཏང་སྟེ་གཡེར་མ་འཕེལ་རྒྱས་བཏང་།

རྩོམ་པ་པོ།   དུས་ཚོད།   2019-07-30   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                རྔ་བའི་གསར་འགྱུར་དྲ་བའི་འཕྲིན།   ཤར་རྒྱུད་དང་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་བྱས་པ་ནས་བཟུང་། ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་དང་ཝུན་ལིང་གྲོང་ཁྱེར། ཡུས་ཧོན་གྲོང་ཁྱེར་དང་མའོ་རྫོང་དང་མཉམ་དུ་བྱེད་ཐབས་དོན་འཁྱོལ་བྱས་ཏེ་མའོ་རྫོང་གི་གཡེར་མ་ཐོན་ལས་འཕེལ་རྒྱས་བཏང་། 2018ལོ་ནས་2020ལོའི་བར་དུ་མ་དངུལ་སྒོར་ཁྲི་700བཏང་སྟེ་མའོ་རྫོང་གི་གཡེར་མའི་རྟེན་གཞི་བསྐྲུན་ཞིང་མུའུ་3600མཐོ་རུ་ཕྱིན།

                ད་ལོར། མའོ་རྫོང་གི་གཡེར་མའི་རྒྱ་ཁྱོན་མུའུ་ཁྲི་3ལྷག་ཟིན་ཞིང་། སྔོན་དཔག་བྱས་པ་ལྟར་ན་ཐོན་ཚད་ཁྲི་300ལྷག་ཡོད། གཡེར་མ་འཛུགས་པ་ནི་མའོ་རྫོང་གི་ཞིང་བ་ཚོའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་རུ་གྱུར་ཡོད།

རྫོང་དེས་གཡེར་མའི་ཞིང་ལས་ཁེ་ལས་སྒྲིག་འཛུགས་བྱས་ནས་ཀྲེ་ཅང་ཞིང་ཆེན་ཞིང་ལས་དངོས་མང་སྟོན་ཚོགས་དང་ནན་ཅིང་འགྲེམས་ཚོང་ཚོགས་འདུ། ཝུན་ལིང་གྲོང་ཁྱེར་གྱི་ཉ་ལས་དངོས་མང་སྟོན་ཚོགས་སུ་ཞུགས་ཏེ་གཡེར་མ་ཕྱིར་ཚོང་གི་ལམ་བུ་སྔར་བས་རྒྱ་བསྐྱེད་ཅིང་། དེ་དང་ཆབས་གཅིག་ཏུ་ཆེད་ལས་མཉམ་ལས་ཁང་དང་དབུལ་ཕོངས་ཁྱིམ་ཚང་སྦྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་སྤྱད་དེ་མཉམ་ལས་ཁང་དང་ཐུན་མོང་གྲོང་ཚོ། དབུལ་ཕོངས་ཁྱིམ་ཚང་སྣེ་ཁྲིད་བྱས་ཏེ་གཡེར་མ་བཙུགས། མིག་སྔར། མའོ་རྫོང་གི་གཡེར་མའི་མཉམ་ལས་ཁང་གིས་ཁྱིམ་ཚང་810དང་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་36གི་ཡོང་འབབ་འཕར་བ་བྱས།

             རྒྱུས་ལོན་པ་ལྟར་ན། མའོ་རྫོང་གཡེར་མ་འདེབས་གསོའི་ལག་རྩལ་ལ་ལོ་རྒྱུས་རིང་ཞིང་། 2010ལོའི་ཟླ་12ཚེས་31ཉིན་རྒྱལ་ཁབ་སྤུས་ཀ་ལྟ་ཞིབ་སྤྱི་ཁྱབ་ཅུས་ཀྱིས་ས་ཁམས་མཚོན་རྟགས་ཐོན་རྫས་ཡིན་པར་ཆོག་མཆན་བཀོད་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།